༄༅༎རྒྱ་ནག་གཞུང་གིས་ཐའེ་ལྦན་ནང་སོ་མྱུལ་བ་བཏང་བ་དང༌། དེ་བཞིན་གཡོ་བྱུས་ཀྱི་ཐོག་ནས་ཐའེ་ལྦན་གྱི་གསང་བ་རྐུ་འཁྱེར་བྱ་རྒྱུའི་འབད་བརྩོན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དེ་དག་ལ་གདོང་ལེན་བྱ་ཆེད་ཐའེ་ལྦན་གཞུང་གིས་ཟབ་ནན་གྱི་ཐབས་ལམ་ཞིག་འཚོལ་སྒྲུབ་བྱེད་དགོས་པ་གལ་འགངས་ཆེན་པོ་ཆགས་ཡོད་པའི་སྐོར། ཐའེ་ལྦན་སྲིད་འཛིན་མའ་དབྱིང་ཅོ་ཡིས་གསུངས་འདུག
དེ་ཡང་འདི་ལོའི་འགོ་སྟོད་དུ་ཐའེ་ལྦན་གྱི་དམག་དཔོན་མཐོ་གྲས་ཤིག་དང༌། གསང་ལས་ཚན་པའི་འགོ་འཁྲིད་མཐོ་གྲས་གཉིས་ཀྱིས། རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་ཤེས་འཚོར་བྱུང་སྟེ། ཁོ་པ་གཉིས་ཀྱི་ཐོག་ཚེ་བཙོན་གྱི་ཉེས་ཆད་བཏང་བ་དང༌། ཡང་ཉེ་ཆར་ཐེའི་ཝན་གྱི་གསང་ལས་ཚན་པའི་འགོ་འཁྲིད་ཅིག་གིས། ཐའེ་ལྦན་གྱི་གསང་ལས་ཚན་པའི་ནང་རྒྱ་ནག་སོ་པ་བཅུ་ཙམ་གསང་འཛུལ་བྱས་ཡོད་པའི་དྭོགས་པ་ཡོད་སྐོར་བཤད་ཡོད་པ་མ་ཟད། དེང་སྐབས་ཡུལ་གྲུ་གཉིས་ཀྱི་དབར་འབྲེལ་ལམ་བཟང་དུ་ཕྱིན་ཏེ། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཆེས་མང་པོ་ཐའེ་ལྦན་ནང་ཡོང་བཞིན་པའི་ཁོངས་སུ། སོ་མྱུལ་པ་ཡང་ཆེད་འཛོངས་བྱེད་པའི་དྭོགས་གཞི་ཡོང་གི་ཡོད་སྟབས། འདི་ཚེས་ ༤ ཉིན་ཐའེ་ལྦན་གྱི་རྒྱལ་ས་ཐེའི་པེ་ནང་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་སྐོང་འཚོགས་གནང་བའི་ཐོག་སྲིད་འཛིན་མའ་དབྱིང་ཅོ་ཡིས། རྒྱལ་ཁབ་གཉིས་དབར་འབྲེལ་ལམ་བཟང་དུ་འགྲོ་བཞིན་པ་རྒྱུན་གནས་ཐུབ་པའི་འབད་བརྩོན་བྱས་པའི་ཐོག ཡང་རྒྱ་ནག་ནས་ཐའེ་ལྦན་གྱི་གསང་བ་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ཡང་ཤུགས་ཆེ་རུ་གཏོང་དགོས་པ་གལ་གནད་ཆེན་པོ་ཆགས་ཡོད་སྐོར་གསུངས་ཡོད་འདུག།