༄༅༎ཐའེ་ལྦན་གྱིས་རྒྱ་ནག་གི་ས་མཚམས་སུ་དཔུང་འཇོག་བྱས་ཡོད་པའི་དམག་མི་རྣམས་ཕྱིར་འཐེན་བྱེད་རྒྱུ་སྔ་དྲག་ཡོད་ལུགས་གསུངས་ཡོད་པའི་གནས་ཚུལ་འདུག
དེ་ཡང་ཐའེ་ལྦན་གོ་མིང་ཏང་ཚོགས་པའི་ཚོགས་མི་རྒན་གྲས་ལིའུ་ལྦན་ལུང་ནས་སྲིད་འཛིན་མ་ཡིང་ཇུ་མཆོག་ལ་རྒྱ་ནག་དང་བསྟུན་མཁས་ཆེད་རྒྱ་ནག་དང་ས་འབྲེལ་དུ་འཁེལ་བའི་ཀྲ་ཀྲན་དང་། ཨིར་ཏན་ཞེས་པའི་མཚོ་གླིང་ཁུལ་དཔུང་འཇོག་བྱེད་ཡོད་པའི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་དགོས་ལུགས་དགོངས་ཚུལ་བཏོན་ཡོད་ཀྱང་སྲིད་འཛིན་མ་ཡིང་ཇུས་ད་ལྟའི་ཆར་དཔུང་དམག་ཕྱིར་འཐེན་བྱེད་རྒྱུའི་དུས་ལ་སླེབས་མེད་ལུགས་གསུངས་ནས་དགོངས་འཆར་ལ་མོས་མཐུན་གནང་མེད་པ་རེད་ཅེས་ཚོགས་པའི་མགྲིན་ཚབ་པ་སུ་ ཆུན་པིན་ནས་འགྲེལ་བརྗོད་བྱས་ཡོད་པ་ལས་དམིགས་བསལ་ཞིབ་ཕྲའི་གནས་ཚུལ་གསལ་པོ་འགྲེལ་བཤད་གནང་མེད་པ་རེད། འོན་ཀྱང་སྲིད་དོན་དབྱེ་ཞིབ་ཇོརཇ་ཚའེ་ནས། ས་མཚམས་ནས་དཔུང་དམག་ཕྱིར་འཐེན་བྱེད་རྒྱུ་དེ་ནི་ཐའེ་ལྦན་མང་ཚོགས་ཀྱི་བསམ་ཚུལ་བསྟུན་དགོས་པ་ཞིག་དང་། ཨ་རིའི་ཕྱོགས་ནས་དགོངས་ཚུལ་ལའང་བསམ་ཤེས་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་དུས་ཐག་ཆོད་འདི་རིགས་ལ་དུས་ཚོད་དང་བསམ་བློ་ནན་པོ་གཏོང་དགོས་པ་ཞིག་རེད་ཅེས་དགོངས་ཚུལ་གསུངས་ཡོད་པ་རེད།
རྩ་བའི་ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུའི་སྣེ་འཁྲིད་པའི་གོ་མིང་ཏང་གཞུང་གི་ངོས་ནས་དེ་སྔ་མང་གཙོ་ཡར་ཐོན་ཚོགས་པའི་གཞུང་དང་མི་འདྲ་བར་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་བཟང་དུ་བཏང་ཡོད་པ་མ་ཟད་དཔོན་རིགས་རྣམས་འཚམས་འདྲི་གཟིགས་བསྐོར་གནང་རེས་དང་། ཚོང་དང་སྦྲག་ཏར་། འགྲུལ་ཞུད་སོགས་གུ་ཡངས་སུ་བཏང་ཡོད་ཀྱང་ས་མཚམས་སུ་ད་ལྟའང་ཉེན་ཁ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།