རྒྱ་ནག་གཞུང་གིས་Jimmy Lai ཡི་རྒྱུ་དངོས་གཞུང་བཞེས་བཏང་བ།
ཧོང་ཀོང་ནང་ཚོང་དོན་ལས་གཞི་སྤེལ་བ་ཡིན་ན་སྒེར་གྱི་རྒྱུ་དངོས་གཞུང་གིས་གཞུང་བཞེས་གཏོང་སྲིད་པའི་ཉེན་ཚབས་ཇི་ཙམ་གྱིས་ཆེན་པོ་ཞིག་ཡོད་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔོན་བརྡ་གསལ་པོ་ཞིག་ཆགས་ཡོད་རེད་ཅེས་ཐེ་ཝན་གཞུང་གིས་སྐྱོན་བརྗོད་བྱས་པ།
- 2021-05-15
-
-
-
ཧོང་ཀོང་ས་གནས་སྲིད་གཞུང་གིས་ཧོང་ཀོང་གི་Apple Daily གསར་ཤོག་གི་སྦྱིན་བདག་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ Jimmy Lai ཡི་རྒྱུ་དངོས་གཞུང་བཞེས་བཏང་བ་དེ་ཧོང་ཀོང་ནང་ཚོང་དོན་ལས་གཞི་སྤེལ་བ་ཡིན་ན་སྒེར་གྱི་རྒྱུ་དངོས་གཞུང་གིས་གཞུང་བཞེས་གཏོང་སྲིད་པའི་ཉེན་ཚབས་ཇི་ཙམ་གྱིས་ཆེན་པོ་ཞིག་ཡོད་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔོན་བརྡ་གསལ་པོ་ཞིག་ཆགས་ཡོད་རེད་ཅེས། ཐེ་ཝན་གཞུང་གིས་ཧོང་ཀོང་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲགས་ཆེ་བའི་Apple Daily ཞེས་པའི་གསར་ཤོག་འདོན་སྤེལ་གནང་མཁན་དགུང་གྲངས་༧༤ཕེབས་པའི་སྐུ་ཞབས་Jimmy Lai ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་དེའི་འོག་འཛིན་བཟུང་གིས་ལོ་གཅིག་དང་ཟླ་བ་གཉིས་ཀྱི་བཙོན་བཅུག་གི་ཉེས་ཆད་བཏང་སྟེ་དོ་དམ་བྱེད་བཞིན་ཡོད་པ་དང་། ད་ཆ་ཁོང་གི་མཁར་དབང་ཁག་ཀྱང་གཞུང་བཞེས་བཏང་ཡོད་པ་རེད།
Apple Daily གསར་ཤོག་གིས་ཐེ་ཝན་ནང་འདོན་སྤེལ་བྱེད་པའི་གསར་ཤོག་པར་བསྐྲུན་གྱི་ལས་དོན་དེ་ཚོ་ཡང་ཧོང་ཀོང་ནང་གསར་ཤོག་འདོན་སྤེལ་དང་འབྲེལ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་རྐྱེན་གྱིས་འདོན་སྤེལ་དཀའ་བས་མཚམས་འཇོག་བྱས་པ་གསལ་བསྒྲགས་བྱས་ཡོད་པ་རེད།
ཐེ་ཝན་གྱི་རྒྱ་ནག་སྐམ་སའི་མཉམ་ལས་དོན་འབྲེལ་མཐུད་ལྷན་ཁང་གིས་ཧོང་ཀོང་གིས་སྐུ་ཞབས་Jimmy Lai ཡིས་མཁར་དབང་གཞུང་བཞེས་བཏང་བའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་ཞིག་གནང་བཞིན། བྱེད་སྟངས་དེ་ལྟ་བུས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧོང་ཀོང་ནང་ཚོང་ལས་དང་མ་དངུལ་འཛུགས་བསྐྲུན་བྱེད་པ་ཡིན་ན། རང་གི་མཁར་དབང་ཤོར་སྲིད་པའི་ཉེན་ཚབས་ཇི་ཙམ་ཆེན་པོ་ཡོད་པའི་རྣམ་པ་དེ་གསལ་སྟོན་བྱེད་ཀྱི་ཡོད་པ་གསུངས་ཡོད་པ་རེད།
རྒྱ་ནག་གིས་རྒྱུན་རིང་རང་དབང་དམངས་གཙོའི་ཚད་གཞི་གོང་མཐོར་གནས་པའི་ཧོང་ཀོང་གི་མངའ་ཁུལ་དེར་སྔ་ལོ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་གཏན་འབེབས་རྗེས་ནས་མང་ཚོགས་ཀྱི་དམངས་གཙོའི་རང་དབང་ལ་དོ་དམ་ཤུགས་ཆེ་བྱེད་བཞིན་དེ་སྔའི་རང་དབང་དང་དམངས་གཙོའི་ཁེ་དབང་དེ་དག་རིམ་པས་མེད་པ་བཟོ་བཞིན་ཡོད་པ་རེད།།