རྒྱ་གཞུང་གིས་ཧོང་ཀོང་གྲོས་ཚོགས་འཐུས་མི་ཚོར་ཉེན་བརྡ་བཏང་བ།


2016.09.06
རྒྱ་ནག་གཞུང་གིས་ཧོང་ཀོང་གྲོས་ཚོགས་འཐུས་མི་ཚོར་ཉེན་བརྡ་བཏང་ཡོད་པ། ཧོང་ཀོང་ས་གནས་སྲིད་གཞུང་གི་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་ བྱས་མཁན་གྱི་གཞོན་སྐྱེས་ལས་འགུལ་བ་ཁག་གཅིག་ལ་འོས་ཤོག་ཐོབ་པ།
ཨེ་ཨེཕ་པི།

༄༅། །ཉིན་ཤས་སྔོན་ཧོང་ཀོང་ས་གནས་སྲིད་གཞུང་གི་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་མཁན་གྱི་གཞོན་སྐྱེས་ལས་འགུལ་བ་ཁག་གཅིག་ལ་འོས་ཤོག་ཐོབ་པའི་གནས་ཚུལ་བྱུང་རྗེས། གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཧོང་ཀོང་རང་བཙན་གྱི་གནས་བབས་ལ་རྒྱབ་སྐྱོར་བྱེད་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག།
ཧོང་ཀོང་གི་འོས་བསྡུ་འདི་ནི་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་མང་གཙོའི་ལས་འགུལ་ཤུགས་ཆེ་སྤེལ་བའི་རྗེས་ཀྱི་འོས་བསྡུ་ཐོག་མ་དེ་ཡིན་ཞིང་། ༢༠༡༤ ལོའི་མང་གཙོའི་ལས་འགུལ་སྤེལ་བའི་རྗེས་རྒྱ་ནག་གཞུང་ཕྱོགས་ནས་ཧོང་ཀོང་ཐོག་རྒྱ་ནག་གི་མཁྲེགས་བཟུང་གི་སྲིད་ཇུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་རེད།
ཧོང་ཀོང་གྲོས་ཚོགས་ནང་འཐུས་མིའི་གདན་གྲངས་ ༧༠ ཐམ་པ་ཡོད་པ་ནས་ཧོང་ཀོང་རང་བཙན་རྩོད་མཁན་གྱི་སློབ་ཕྲུག་གི་འགོ་ཁྲིད་ལྔ་ལ་འོས་ཤོག་ཐོབ་ཡོད་པ་དང་། གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་སྤྱིར་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ཧོང་ཀོང་གྲོས་ཚོགས་ཀྱི་ནང་ངམ་ཕྱི་ལོག་གང་དུ་ཡང་ཧོང་ཀོང་རང་བཙན་སྐོར་གླེང་སློང་བྱེད་ཚེ་རྒྱ་ནག་གི་ངོས་ནས་བཟོད་སྒོམ་བྱ་རྒྱུ་མིན་ལུགས་བརྗོད་འདུག།
ཧོང་ཀོང་རང་བཙན་གྱི་ལས་འགུལ་ནི། ཧོང་ཀོང་ནང་རྒྱ་ནག་གིས་ཆབ་སྲིད་དང་སློབ་གསོ། དེ་བཞིན་བརྒྱུད་ལམ་ཁག་གི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་འཇིགས་སྣང་གི་འོག་གསར་དུ་སྐྱེས་པ་ཞིག་ཡིན་པར་ཆབ་སྲིད་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད། གྲོས་ཚོགས་ཀྱི་འཐུས་མི་གསར་པ་ཚོས་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ལས་འཁུར་བླང་རྒྱུ་ཡིན་འདུག་ཅིང་། ཧོང་ཀོང་ནང་འོས་བསྡུ་མ་བྱས་སྔོན་རྒྱ་ནག་གཞུང་གིས་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མིའི་འོས་མི་ཚོར་ཧོང་ཀོང་འདི་བཞིན་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཤེས་རྟོགས་ཡོད་པའི་ཡིག་ཆ་ཞིག་ལ་མིང་རྟགས་འགོད་པའི་ཁྲིམས་ཡིག་ཞིག་གཏན་འབེབས་བྱས་ཡོད་ཀྱང་། འོས་མི་མང་ཆེ་བས་དེར་མིང་རྟགས་བཀོད་མེད་པ་རེད་འདུག།
ཧོང་ཀོང་མི་དམངས་ཀྱིས་འདེངས་འཇོག་ཆུང་ངུ་ལས་མེད་པ། རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁབ་འགན་འཛིན་དུ་བསྐོ་བཞག་བྱས་པ། Leung Chun-ying གྱིས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཧོང་ཀོང་ས་གནས་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་དགོས་སྐོར་བརྗོད་པ་དང་ཆབས་ཅིག། གྲོས་ཚོགས་ཀྱི་འཐུས་མི་ཚོ་དང་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུའི་འདོད་པ་ཡོད་པ་ཡང་བརྗོད་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎