ཐེ་ཝན་སྲིད་འཛིན་ལས་ཁང་གི་འབྲེལ་མཐུད་འགན་འཛིན་གསར་བ་བསྐོས་འདུག
2018.04.11
ཐེ་ཝན་གྱི་དབུ་ཁྲིད་ཀྱིས་རང་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་མི་སྣ་གཙོ་བོ་ཞིག་སྲིད་འཛིན་ལས་ཁང་གི་འབྲེལ་མཐུད་འགན་འཛིན་དུ་བསྐོ་བཞག་གནང་འདུག
དེ་ཡང་སྤྱི་ཚེས་༡༡ཉིན་རོས་ཡེ་ཌིར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཚེ་ཡོན་ཝིན་གྱིས་རེས་གཟའ་ལྷག་པའི་ཉིན་རང་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་མི་སྣ་གཙོ་བོ་ཁྲིན་ཁྲུའུ་སྲིད་འཛིན་ལས་ཁང་གི་འབྲེལ་མཐུད་འགན་འཛིན་དུ་བཞག་ནས་འབྲེལ་མཐུད་ཀྱི་ལས་དོན་བསྒྲུབ་སྟེ། ད་ལོའི་ལོ་མཇུག་ཏུ་ཐེ་ཝན་གྱི་ས་གནས་ཀྱི་འོས་འདེམས་ཐད་ལས་དོན་ཡར་རྒྱས་གཏོང་ཆེད་ཡིན་པ་དང་། ད་ལྟ་གཞུང་འཛིན་དམངས་གཙོ་ཡར་རྒྱས་ཚོགས་པར་མི་མང་ནང་རྒྱབ་སྐྱོར་བྱེད་མཁན་དམའ་རུ་ཕྱིན་ཡོད་པ་རེད།
གོང་བརྗོད་མི་སྣ་བསྐོ་བཞག་གི་གནས་ཚུལ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་གྱིས་ཐེ་ཝན་གྱི་ཚོང་ལས་སྡེ་ཁག་ལ་ཐེ་ཝན་ནས་རང་བཙན་གྱི་འདུ་ཤེས་དོར་ཏེ་རྒྱ་ནག་སྐམ་ས་དང་འབྲེལ་ལམ་ཞི་བདེ་བརྟན་ལྷིང་ངང་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་བྱས་པའི་ཉིན་གཅིག་གི་རྗེས་སུ་ཡིན་པ་རེད།
དེ་བཞིན་གོང་བརྗོད་སྲིད་འཛིན་ལས་ཁང་གི་འབྲེལ་མཐུད་འགན་འཛིན་དུ་བསྐོ་བཞག་བྱས་པའི་ལྕམ་ཁྲིན་ཁྲུའུ་ནི་ད་ལྟ་ཐེ་ཝན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀོ་ཞོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་ཡིན་ཞིང་། སྤྱི་ཟླ་བཞིའི་ཚེས་༢༣ཉིན་དཔལ་འབྱོར་སྲིད་ཇུས་སྐོར་ལ་ཚོགས་འདུ་ཞིག་འཚོགས་སྟེ་། དེང་སྐབས་ཚེ་ཡོན་ཝིན་ལ་མི་དགའ་བའི་རྣམ་འགྱུར་མང་དུ་འགྲོ་བར་འགྱུར་བ་གཏོང་ཕྱོགས་ཐད་གྲོས་མོལ་བྱེད་རྒྱུ་ཡིན་འདུག
ཐེ་ཝན་གྱི་སྲིད་འཛིན་ཚེ་ཡོན་ཝིན་གྱིས་ང་ཚོས་ཁྲིན་གྱི་གོ་གནས་གནད་འགག་འདིར་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད་ལ། བཅོས་བསྒྱུར་བརྒྱུད་རིམ་ཁྲོད་སྲིད་གཞུང་དང་སྤྱི་ཚོགས་བར་འབྲེལ་མཐུད་དང་གྲོས་མོལ་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་གསར་འགོད་ལྷན་ཚོགས་ཐོག་གསུང་འདུག
ཐེ་ཝན་ནང་ད་ལོའི་སྤྱི་ཟླ་༡༡པའི་ཚེས་༢༤ཉིན་གྲོང་ཁྱེར་སྤྱི་ཁྱབ་པ་དང་རྫོང་དཔོན་འོས་འདེམས་བྱེད་རྒྱུ་ཡིན་འདུག
ཐེ་ཝན་གྱི་སྲིད་འཛིན་གྱི་ཚེ་ཡུན་ཝིན་སྤྱི་ལོ་༢༠༡༦ལོར་ཐེ་ཝན་གྱི་སྲིད་འཛིན་དུ་བདམས་པ་ནས་བཟུང་མི་མང་ནང་རྒྱབ་སྐྱོར་ཉུང་དུ་འགྲོ་གི་ཡོད་པ་བཀོད་འདུག
གསར་འགོད་པ་ལྕགས་མོ་འཚོ།