ཐེ་དབན་སྲིད་འཛིན་དབུས་ཨ་མི་རི་ཀའི་ཡུལ་གྲུར་ཕེབས་འཆར།
2009.06.28
༄༅༎རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་མིན་ལ་མ་ལྟོས་པར་ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཇའུ་དབུས་ཨ་མི་རི་ཀའི་ཡུལ་གྲུ་ཁག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རེད།
ཐེ་དབན་གྱི་སྲིད་འཛིན་གཟའ་ཟླ་བའི་ཉིན་ཐེ་དབན་ནས་ཕེབས་ཐོན་གྱིས་ཐེ་དབན་དང་གཞུང་འབྲེལ་འབྲེལ་ལམ་ཡོད་པའི་དབུས་ཨ་མི་རི་ཀའི་ཡུལ་གྲུ་ཁག་དང་འབྲེལ་ལམ་ཟབ་ཏུ་གཏང་རྒྱུའི་ཆེད་ཐོག་མར་པེ་ན་མའི་ཡུལ་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོར་མཉམ་བཞུགས་གནང་རྒྱུ་དང་དེ་རྗེས་དབུས་ཨ་མི་རི་ཀའི་ཡུལ་གྲུ་ནི་ཁ་ར་གུ་ལྦ་དང་ཧོན་དྲུ་ར་སེར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་སྲིད་འཛིན་གྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་ཡོད་པ་རེད། ད་རེས་སྲིད་འཛིན་མའ་དབྱིང་ཇའུ་དབུས་ཨ་མི་རི་ཀའི་ཡུལ་གྲུ་ཁག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་དེ་ཁོང་གིས་ཟླ་བ་གཅིག་གི་ནང་ཚུད་ཡུལ་གྲུ་དེ་ཚོའི་ནང་འཚམས་གཟིགས་སུ་ཕེབས་པ་ཐེངས་གཉིས་པ་དེ་ཡིན་ཞིང་གཟའ་འཁོར་སྔོན་མ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཇའུ་དང་ཐུགས་འཕྲད་གནང་རྒྱུ་དང་ཁོང་གདན་ཞུ་གནང་རྒྱུ་སོགས་མི་བྱེད་རྒྱུའི་དགོས་འདུན་ཞུས་ཡོད་ཅིང་དེར་བརྟེན་ཐེ་དབན་གྱི་ཕྱོགས་འགལ་ཚོགས་པ་ཁག་གིས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་བཏང་བའི་སྲིད་བྱུས་འཛིན་ནས་རྒྱ་ནག་གཞུང་གིས་ཐེ་དབན་གྱི་ཕྱི་འབྲེལ་སྲིད་བྱུས་ལ་ཐེ་བྱུས་བྱེད་རྒྱུའི་ཐོག་འགྱུར་ལྡོག་གང་ཡང་བཏང་མེད་སྟབས་མའ་དབྱིང་ཇའུ་ཡིས་རྒྱ་ནག་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་སྲིད་བྱུས་ལ་ནུས་པ་གང་ཡང་ཐོན་མེད་པའི་བསྐྱོན་བརྗོད་བྱེད་བཞིན་ཡོད་པའི་ཐོག་ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡི་མགྲིན་ཚབ་པས་གསུངས་ན་རྒྱ་ནག་དང་ཐེ་དབན་དབར་དུས་ཡུན་རིང་པོའི་ནང་ཁག་ཁག་ཏུ་གནས་པར་བརྟེན་ནས་ཕྱོགས་གཉིས་དབར་མི་མཐུན་པའི་གནས་ཚུལ་མང་པོ་ཞིག་ཡོད་པ་རྣམས་མཚན་པོ་གཅིག་ལ་སེལ་ཐུབ་རྒྱུ་ཁག་པོ་ཡིན་ཞིང་ཡིན་ན་ཡང་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐེ་དབན་གྱི་སྲིད་འཛིན་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་དང་ཐེ་དབན་དབར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་ཡོད་པ་ཡང་དངོས་ཡོད་གནས་ཚུལ་ཞིག་ཡིན་པའི་སྐོར་གསུངས་ཡོད་པ་རེད༎