ཐེ་དབན་སྲིད་འཛིན་ནས་༢༠༡༢ལོའི་འོས་བསྡུ་སྐོར་གསལ་བསྒྲཊ།

ཐེ་དབན་སྲིད་འཛིན་གྱིས་ཁོང་དང་མཉམ་དུ་༢༠༡༢ལོའི་སྲིད་འཛིན་འགྲན་བསྡུར་ནང་བཞེང་མཁན་གྱི་འོས་མིར་སྲིད་བློན་ལྦུའུ་མིང་འདོན།

༄༅༎རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་མཁན་ཐེ་དབན་སྲིད་འཛིན་མའ་དབྱིང་ཅོ་ཡིས། ཁོང་དང་མཉམ་དུ་༢༠༡༢ ལོའི་སྲིད་འཛིན་འགྲན་བསྡུར་ནང་བཞེང་མཁན་གྱི་འོས་མིར་ད་ལྟའི་སྲིད་བློན་ལྦུའུ་མིང་འདོན་གནང་ཡོད་པ་རེད།

ཐེ་དབན་གྱི་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་དང་པོའི་ནང་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང༌། དམིགས་བསལ་འོས་བསྡུའི་ལས་དོན་དེར་རྒྱ་ནག་གཞུང་ཕྱོགས་ནས་དོ་སྣང་ཆེན་པོ་བྱེད་པ་ནི། དེ་སྔོན་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པས་གཞུང་འཛིན་པའི་སྐབས་ཐེ་དབན་རང་བཙན་ཐོག་འབད་བརྩོན་གནང་ཡོད་པ་དང༌། དེ་རྗེས་༢༠༠༨ ལོའི་འོས་བསྡུའི་ནང་གོ་མིང་ཏང་ལ་རྒྱལ་ཁ་ཐོབ་སྟེ་སྲིད་འཛིན་མའ་དབྱིང་ཅོ་ཡིས་གཞུང་འཛིན་གནང་བའི་རིང་། རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་བཞིན་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱལ་ས་ཐའེ་ཕེ་དུ་གསར་འགོད་ལྷན་ཚོགས་ཐོག་ དེ་རིང་ངས་གསར་འགོད་ལྷན་ཚོགས་དེའི་གོ་སྐབས་བཟུང་སྟེ། སྲིད་བློན་ལྦུའུ་ནི་ང་དང་མཉམ་དུ་ཕྱི་ལོ་གསར་པའི་སྲིད་འཛིན་འོས་མིའི་འགྲན་བསྡུར་ནང་བཞེངས་མཁན་ལ་འདེམས་པའི་གསལ་བསྒྲགས་བྱེད་རྒྱུ་ཡིན་ཞེས་དང༌། ངས་སྲིད་བློན་ལྦུའུ་སྲིད་འཛིན་འོས་མིར་འདེམས་དགོས་པའི་རྒྱུ་མཚན་ནི། གནས་སྟངས་གཞི་རིམ་ནས་ཡོང་བ་ཞིག་དང༌།ཁོང་གིས་སྲིད་བློན་གྱི་ཐུགས་འགན་བཞེས་ནས་ལོ་གཅིག་ལྷག་འགྲོ་གི་ཡོད་པས་ཁོང་གིས་གནད་དོན་ཁག་གདོང་ལེན་བྱེད་ཐུབ་པ་དང་དཀའ་ངལ་ཚུལ་བཞིན་སེལ་ཐུབ་ཀྱི་ཡོད་པའི་རྒྱུ་མཚན་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད། འོན་ཀྱང་ཐེ་དབན་རང་བཙན་གྱི་འདོད་ཕྱོགས་འཛིན་མཁན་དམངས་གཙོ་ཡར་རྒྱས་ཚོགས་པའི་མགྲིན་ཚབ་པས། གོ་མིང་ཏང་གིས་༢༠༡༢ ལོའི་སྲིད་འཛིན་འོས་མིར་སྲིད་འཛིན་མའ་དབྱིང་ཅོ་ཡོད་མུས་ཐོག་སྲིད་བློན་ལྦུའུ་གསར་དུ་འདེམས་པ་དེར་ཧང་སང་དགོས་པའི་གནད་དོན་གང་ཡང་མིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།།