ཐེ་དབན་གྱིས་དམག་གྲུ་ཉོ་འཆར།

ཨ་རིའི་དམག་གི་གྲུ་གཟིངས།
ཨ་རིའི་དམག་གི་གྲུ་གཟིངས། (བི་ཀི་པི་ཌི་ཡ།)

༄༅༎ཕྱི་ཟླ་བརྒྱད་པའི་ཚེས་༣༠ ཉིན་ཐེ་དབན་གྲོས་ཚོགས་ཀྱི་འཐུས་མི་ ལིན་ ཡུས་ཕ་ཧང ཞུ་བས། རྒྱ་ནག་གཞུང་གིས་ཐེ་དབན་ཐོག་ཁ་གཏད་དེ་གོ་མཚོན་འགྲེམས་འཇོག་བྱས་ཏེ་འཇིགས་སྐུལ་བྱེད་པའི་ཉེན་ཁར་གདོང་ལེན་བྱ་རྒྱུའི་ཆེད་དུ་ཐེ་དབན་རྒྱལ་ནང་གི་དམག་དོན་དེང་རབས་ཅན་དུ་འགྱུར་རྒྱུར་འབད་བརྩོན་བྱེད་པ་ལྟར། ཐེ་དབན་སྲུང་སྐྱོབ་ལྷན་ཁང་ནས་འབྱུང་འགྱུར་གྱི་༢༠༡༤ དང་༢༠༡༥ ནང་ཨ་རི་ནས་དམག་གི་གྲུ་གཟིངས་གཉིས་ཉོ་གྲུབ་བྱ་རྒྱུའི་ཆེད་དུ། ཨ་རིའི་ཊོ་ལར་ཐེར་འབུམ་ལྔ་དང་གྲངས་ཆུང་༦ དངུལ་རྩིས་གྲོས་ཚོགས་སུ་བཀའ་འཁྲོལ་ཡོང་ཐབས་འཆར་གཞི་ཕུལ་ཡོད་པའི་སྐོར་གསུངས་ཡོད་པ་རེད། ད་དུང་ཁོང་གིས་གསུངས་པའི་ནང་། དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཐོག་ལ་ཐེ་དབན་གྱི་མཚོ་དམག་གྲུ་གཟིངས་ཁག་ཅིག་ལོ་དུས་ཡོལ་ཏེ་རྙིང་པར་གྱུར་བ་ཁག་ཅིག་གི་ཚབ་ཏུ་དེང་རབས་ཅན་གྱི་གྲུ་གཟིངས་བཞི་ཉོ་གྲུབ་བྱ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་པ་ལྟར། ཐེ་དབན་སྲུང་སྐྱོབ་ལྷན་ཁང་ནས་སྔོན་ལ་ཨ་རི་ནས་དམག་གི་གྲུ་གཟིངས་གཉིས་ཉོ་གྲུབ་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཐེ་དབན་སྲུང་སྐྱོབ་ལྷན་ཁང་གིས་གཞུང་འབྲེལ་གྱིས་གནས་ཚུལ་དེའི་ཐད་ལ་བཀའ་མོལ་གང་ཡང་གསུངས་མེད་པ་རེད།
ཐེ་དབན་དང་རྒྱ་ནག་གཉིས་གྱི་འབྲེལ་ལམ་ནི་༢༠༠༨ ལོར་ཐེ་དབན་སྲིད་འཛིན་ མ་ ཡིང་ཅིའུ་ ཡིས་སྲིད་དབང་འཛིན་པ་ནས་བཟུང་ཡར་རྒྱས་ཕྱོགས་སུ་མདུན་བསྐྱོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ཐེ་དབན་རྒྱ་ནག་གི་མངའ་འོག་ཏུ་ངོས་འཛིན་བྱེད་པའི་སྲིད་ཇུས་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་བཞིན་པ་མ་ཟད། ཐེ་དབན་ཕྱོགས་ནས་དངོས་སུ་རང་བཙན་ཡིན་པའི་གསལ་བསྒྲགས་བྱེད་ཚེ་དྲག་པོའི་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་བྱེད་པར་བརྟེན་ནས། ཐེ་དབན་ཕྱོགས་ནས་དེར་ཁ་གཏད་གདོང་ལེན་བྱ་རྒྱུར་དམིགས་ཏེ་ཨ་རི་ནས་དེང་རབས་ཀྱི་གོ་མཚོན་གང་མང་ཉོ་གྲུབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།།