ཐེ་ཝན་གྱི་འོས་བསྡུའི་འགྲན་རྩོད་དང་མཚོ་འགག་བར་འབྲེལ་ལམ།
2016.01.15
དེ་ཡང་ཐེ་ཝན་ནང་རྒྱལ་ཡོངས་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུའི་སྔ་ནུབ་ཏུ། ཐེ་ཝན་གྱི་ཕྱོགས་འགལ་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་ཁྲིད་ལྕམ་Tsai Ing-wenམཆོག་གིས། རྒྱ་ནག་སྐམ་ས་ཆེན་མོ་དང་ཞི་བདེ་མཉམ་གནས་ཀྱི་འབྲེལ་བའི་སྲིད་ཇུས་བཟུང་རྒྱུའི་མདུན་པ་ཡོད་ལུགས་གསུངས་གནང་འདུག
སྤྱི་ལོ་༢༠༠༨ནས་བཟུང་། ཐེ་ཝན་གྱི་སྲིད་འཛིན་Ma Ying-jeouགིས་དབུ་འཁྲིད་པའི་གོང་མིན་ཏང་ཚོགས་པས། རྒྱ་ནག་དང་འབྲེལ་ཐག་ཉེ་པོའི་སྲིད་ཇུས་ལག་བསྟར་འོག མཚོ་འགག་ཕན་ཚུན་དབར་ཚོང་འབྲེལ་གྱི་གྲོས་མཐུན་གཙོ་བོར་འགྱུར་བའི་མཐུན་སྒྲིལ་གོང་མཐོར་འགྲོ་བཞིན་པ་མ་ཟད། སྔ་ལོ་ཕྱི་ཟླ་༡༡པའི་ནང་རྒྱལ་ཁབ་གཉིས་ཀྱི་དབུ་འཁྲིད་དབར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆེས་མཐོའི་མཇལ་འཛོམས་ཐོག་མ་དེ་གནང་ཡོད་པ་རེད། ཡིན་ནའང་ ད་ཆ་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་རན་པའི་སྐབས། ཐེ་ཝན་གྱི་ཕྱོགས་འགལ་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུ་ངེས་པ་མང་པོས་སྔོན་དཔག་བྱེད་བཞིན་ཡོད་པ་རེད།
དམངས་གཙོ་ཡར་ཐོན་ཚོགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ནང་། རྒྱ་ནག་དང་ལོག་ཏུ་རང་བཙན་གྱི་རྒྱལ་ཁབ་ཏུ་གནས་རྒྱུའི་བཞེངས་ཕྱོགས་འཛིན་གྱི་ཡོད་པ་བརྟེན། ད་རེས་ཀྱི་འོས་བསྡུའི་ཐོག་རྒྱ་ནག་གཞུང་ནས་བློ་འཚབ་ཆེན་པོ་བཞེས་པ་དང་། ཐེ་ཝན་དེ་བཞིན་རྒྱ་ནག་དང་ལོག་ཏུ་གནས་རྒྱུའི་མདུན་པ་འགོག་ཐབས་སླད་ རྒྱ་ནག་གཞུང་གིས། གལ་སྲིད། ཐེ་ཝན་རང་བཙན་རྒྱལ་ཁབ་ཏུ་གནས་རྒྱུའི་གསལ་བསྒྲགས་བྱས་ཚེ་དྲག་པོའི་བཙན་འཛུལ་བྱ་རྒྱུའི་ཉེན་བརྡ་མུ་མཐུད་བཏང་ཡོད་པ་རེད།
ཁ་ས་ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་དབུ་འཁྲིད་ལྕམ་Tsai Ing-wenམཆོག་ནས། ཐེ་ཝན་ལྷོ་ཕྱོགས་ཀྱི་Taichung གྲོང་ཁྱེར་དུ། འོས་བསྡུའི་དྲིལ་བསྒྲགས་ཀྱི་སྐོར་བསྐྱོད་སྐབས། མཚོ་འགག་ཕན་ཚུན་དབར་ཞི་བདེ་ལྷིང་འཇགས་ཀྱི་འབྲེལ་བ་བཟུང་རྒྱུར་མི་མང་ཚང་མར་འགན་འཁྲི་ཡོད་པ་ནན་བརྗོད་གནང་འདུག
ལྕམ་Tsai Ing-wenགིས། ང་ཚོས་མཚོ་འགག་ཕན་ཚན་དབར་ཞི་བདེ་ལྷིང་འཇགས་ཀྱི་ལམ་ནས་ད་ཡོད་ཀྱི་འབྲེལ་བ་མུ་མཐུད་གནས་རྒྱུའི་རེ་བ་བྱེད་བཞིན་ཡོད་ལ་གཞི་རྩའི་ཐེ་ཝན་མཚོ་འགུག་ནང་ཞི་བདེ་སྲུང་སྐྱོབས་ཆེད། རྒྱ་ནག་ཐེ་བས་རྒྱལ་ཁབ་ཚང་མས་ལས་དོན་མཉམ་རུབ་གནང་དགོས་པ་རེད་ཅེས་གསལ་འདོན་གནང་འདུག
གསར་འགོད་པ་ཚོས། ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་ནང་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་ཚེ་དེའི་ཐོག་རྒྱ་ནག་གཞུང་གི་ལྟ་ཚུལ་ཇི་ཡོད་སྐོར། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན ཚབ་པ་Hong Leiལ་བཅར་འདྲི་བྱས་པར། Hong Leiཡིས། ང་ཚོས་དུས་རྒྱུན་དུ་རྒྱ་ནག་གཅིག་ཅེས་པའི་གཞི་རྩའི་ལངས་ཕྱོགས་ལ་རྩ་འཛིན་བྱེད་པའི་ཐོག་ཐེ་ཝན་རང་བཙན་རྒྱལ་ཁབ་ཀྱི་འདོད་ཚུལ་ལ་ངོ་རྒོལ་ནན་བརྗོད་བྱ་རྒྱུ་ཡིན་ཅེས་ལན་འདེབས་བྱས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།