ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་དྲན་ཤུ་སྦན་ལ་ཉེས་ཆད་ཕོག་སྲིད།
2008.12.08
༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་དྲན་ཤུ་སྦན་མཆོག་ལྐོག་ཟ་རུལ་སུངས་ཀྱི་ཉེས་བཙུགས་འོག་ཁྲིམས་ཐོག་ནས་ཉེས་ཆད་ཕོག་སྲིད་པའི་དཔྱད་ཞིབ་བྱེད་འདུག
དེ་ཡང་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་དྲན་ཤུ་སྦན་མཆོག་ལ་འདས་པའི་ཟླ་བ་འགའ་ཤས་ནས་བཟུང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཉེས་བཙུགས་བྱས་པའི་ཁྲིམས་ཞིབ་བྱེད་བཞིན་ཡོད་པའི་སྐབས་འདིར་ཁ་ས་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་སྲིད་འཛིན་ཟུར་པ་དྲན་ཤུ་སྦན་མཆོག་དང་ཁོང་གི་སྐུ་ཟླ་དེ་བཞིན་བུ་དང་མནའ་མ།སྲིང་མོའི་མག་པ་བཅས་པའི་ཐོག་ལྐོག་ཟ་རུལ་སུངས་བྱས་པའི་ཁྲིམས་ཐོག་ནས་ཉེས་བཙུགས་དང་འབྲེལ་ལོ་འདིའི་ལོ་མཇུག་ཏུ་ཉེས་ཆད་ཕོག་སྲིད་པའི་སྐོར་བཀོད་ཡོད་འདུག
འོན་ཀྱང་ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ནས་གཞུང་གི་ཁྲིམས་རྩོད་པར་འདྲི་བརྩད་བྱས་པའི་སྐབས་དངོས་འབྲེལ་ཡིན་མིན་ལན་འདེབས་རྒྱབ་མེད་པ་རེད།
ཉེས་བཙུགས་བྱས་པའི་ནང་སྲིད་འཛིན་ཟུར་པ་དྲན་ཤུ་སྦན་མཆོག་དང་ཁོང་གི་ནང་མིས་ལས་དུས་རིང་དྲོ་ལར་ས་ཡ་མང་པོའི་ལྐོག་བཟས་བྱས་པས་མ་ཟད་གཞུང་གི་དངུལ་མང་པོ་སུད་སིའི་དངུལ་ཁང་ནང་གསང་བའི་ཐོག་ནས་བཞག་པ།དེ་བཞིན་ཡིག་ཆ་རྫུན་མ་བཟོས་པ་སོགས་ཀྱི་ནག་ཉེས་བཙུགས་ཡོད་པ་རེད།
ཡང་བདུན་ཕྲག་སྔོན་མ་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་ཟུར་པ་ཡེ་ཤེང་མའོ་ལ་ཡིག་ཆ་རྫུན་མ་བཟོས་པ་དང་གསང་བའི་གནས་ཚུལ་སྲིད་འཛིན་ཟུར་པ་དྲན་ཤུ་སྦན་ལ་སྤྲད་པ་སོགས་ནག་ཉེས་ཐོན་ཏེ་ལོ་བཅུའི་བཙོན་བཅུག་ཉེས་ཆད་ཕོག་ཡོད་པ་རེད། འོན་ཀྱང་སྲིད་འཛིན་ཟུར་པ་དྲན་ཤུ་སྦན་མཆོག་ནས་ནག་ཉེས་བཙུགས་པའི་གནད་དོན་རྣམས་ལ་ངོས་ལེན་མེད་ལུགས་གསུངས་ནས་ཉེན་རྟོག་པའི་འཛིན་བཟུང་བྱས་པའི་སྐབས་དོ་དམ་འོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད༎