༄༅༎ཉི་ཧོང་དུ་ཚོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་མཉམ་ཞུགས་བྱས་པའི་ཐེ་ལྦན་གྱི་སྐུ་ཚབ་ལ་རྒྱ་ནག་ཅེས་པའི་མིང་འགྱུར་བྱེད་དགོས་པའི་སྐོར་རྒྱ་ནག་ཕྱོགས་ནས་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་ཕྱོགས་ནས་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་དུ་ཚོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཡོང་བའི་ཐེ་ལྦན་སྐུ་ཚབ་ཀྱི་མིང་རྒྱ་ནག་ཞེས་པ་བཅུག་ཏེ། རྒྱ་ནག་གི་ཐེ་ལྦན་སྐུ་ཚབ་ཅེས་པ་མིང་འགྱུར་བྱེད་དགོས་པའི་དགོས་འདུན་བཏོན་པར་བརྟེན་ནས་རེས་གཟའ་སྤེན་པ་ནས་ཐེ་ལྦན་དང་རྒྱ་ནག་གི་སྐུ་ཚབ་བར་ལ་རྩོད་གཞི་གསར་པ་ཞིག་བྱུང་ཡོད་ཅིང༌། དེ་ནི་རྒྱལ་སྤྱིའི་དུས་སྟོན་དེར་ཡོང་བའི་རྒྱ་ནག་གི་སྐུ་ཚབ་འཐུས་མིའི་འགོ་ཁྲིད་ཅིའང་ཕིང་གིས་རེས་གཟའ་སྤེན་པའི་ཉིན་དུས་སྟོན་དེ་འགོ་འབྱེད་མ་བྱས་ཙམ་ལ་ཐེ་ལྦན་གྱི་སྐུ་ཚབ་ཅེས་པའི་མིང་གི་འགོ་ལ་ངེས་པར་དུ་རྒྱ་ནག་ཞེས་པའི་མིང་ཚིག་དེ་གཉིས་བཅུག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། འོན་ཀྱང་ཐེ་ལྦན་ཕྱོགས་ཀྱི་སྐུ་ཚབ་ནས། རྒྱ་ནག་གི་སྐུ་ཚབ་ནས་བཏོན་པའི་དགོས་འདུན་དེ་ཁས་ལེན་བྱས་མེད་པ་མ་ཟད། དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་གཞུང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་སྐྱོན་བརྗོད་བྱས་ཏེ། རྒྱ་ནག་གི་སྐུ་ཚབ་ངོ་ནས་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་དེར་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་རྒྱུ་ཡོད་པ་མ་རེད། དུས་སྟོན་དེར་ཐེ་ལྦན་མི་དམངས་མཉམ་ཞུགས་བྱེད་པའི་ཐོབ་ཐང་ཡོད་པ་དེར་རྒྱ་ནག་ཕྱོགས་ནས་བརྩི་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ཅིག་རེད་ཅེས་གསུངས་ཡོད་པ་རེད། ཐེ་ལྦན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་ནང་མཉམ་ཞུགས་བྱེད་རྒྱུ་འམ་ཡང་ན་རྒྱལ་སྤྱིའི་དབུ་ཁྲིད་དང་མཇལ་འཕྲད་བྱེད་རྒྱུར་རྒྱ་ནག་གཞུང་གིས་མཐའ་ཅིག་ཏུ་ངོ་རྒོལ་དང་འགོག་རྐྱེན་བཟོ་བ་མ་ཟད། ཐེ་ལྦན་མིང་དེའི་ཐོག་ལའང་རྒྱ་ནག་གཞུང་གིས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཡིན་ཞིང༌། མཚམས་རེ་རྒྱ་ནག་ཕྱོགས་ནས་ཐེ་ལྦན་རྒྱལ་སྤྱིའི་ལས་འགུལ་ཁག་ཅིག་ནང་མཉམ་ཞུགས་བྱེད་དུ་བཅུག་གི་ཡོད་ཀྱང༌། དཔེར་ན་ཨོ་ལིམ་པིག་རྩེད་འགྲན་ལྟ་བུ་མཚོན་ན། རྩེད་འགྲན་དེའི་ནང་མཉམ་ཞུགས་བྱེད་པའི་སྐབས་ལའང་ཐའེ་ཕེ་གྱི་རྒྱ་མི་རིགས་ཞེས་པའི་མིང་ཐོག་ནས་མཉམ་ཞུགས་བྱེད་བཅུག་པ་ལས་ཐེ་ལྦན་ཞེས་པ་འབོད་ཆོག་གི་མེད་པ་རེད།