ཐེ་ཝན་གཞུང་གིས་རྒྱ་ནག་གི་དྲ་རྒྱའི་ཁེ་གཉེར་ལས་ཁང་གིས་གཏོང་བཞིན་པའི་བརྙན་འཕྲིན་ལས་རིམ་ས་གནས་ནང་ཚོང་བསྒྱུར་མཚམས་འཇོག་བྱེད་རྒྱུ་ཡིན་ཡང་བཀག་འགོག་བྱས་མི་འདུག
རྒྱ་ནག་གི་(Iqiyi)་དང་(Tencent)་དྲ་རྒྱའི་ཁེ་གཉེར་ལས་ཁང་གཉིས་ཀྱིས། ཐེ་ཝན་ནང་རྒྱ་ནག་གི་བརྙན་འཕྲིན་ལས་རིམ་ཁག་དྲ་རྒྱ་བརྒྱུད་ནས་གཏོང་བཞིན་པ་དེ་དག་ཐེ་ཝན་གྱི་ཁེ་གཉེར་ལས་ཁང་ཁག་གིས་ས་གནས་ནང་ཚོང་བསྒྱུར་སོགས་བྱེད་རྒྱུ་ཐེ་ཝན་གཞུང་གིས་མཚམས་འཇོག་བྱེད་དུ་འཇུག་འཆར་ཡོད་འདུག
ཐེ་ཝན་གྱི་དཔལ་འབྱོར་ལས་ཁུངས་ཀྱིས་འདི་ཚེས་༡༨་གཟའ་མིག་དམར་ཉིན་གནས་ཚུལ་བསྒྲགས་པ་ལྟར་ན། ཕྱི་ཟླ་༩་བའི་ཚེས་༣་ཉིན་ནས་བཟུང་ཐེ་ཝན་ངན་གི་དྲ་ལམ་ཁེ་གཉེར་ལས་ཁང་ཁག་གིས། རྒྱ་ནག་གིས་དྲ་རྒྱ་བརྒྱུད་ནས་བརྙན་འཕྲིན་ལས་རིམ་བཏོན་བཞིན་ཁག་ཚོང་བསྒྱུར་རམ་ཡང་ན་དེ་དག་ཆེད་ལས་དོན་སྤེལ་རྒྱུ་མཚམས་འཇོག་ལས་བསྟར་བྱེད་རྒྱུ་ཡིན་པ་རེད་འདུག
(Baidu)་ཞེས་རྒྱ་ནག་གི་དྲ་ལམ་ཁེ་གཉེར་ལས་ཁང་གིས་རྒྱབ་སྐྱོར་ཡོད་པའི་(Iqiyi)་དྲ་ལམ་ཁེ་གཉེར་ལས་ཁང་དེ་ནི། ཕྱི་ལོ་༢༠༡༦་ལོར་ཐེ་ཝན་ནང་ཁ་སྐོང་གཞོགས་འདེགས་ཆེད་གསར་འཛུགས་བྱས་པ་ཞིག་ཡིན་རུང་། དེ་ཡང་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཞིག་ཡིན་པས་ཐེ་ཝན་ནང་དེ་ཡིས་རྒྱ་ནག་སྐམ་སའི་བརྙན་འཕྲིན་ལས་རིམ་ཁག་དྲ་རྒྱ་བརྒྱུད་ནས་རྒྱང་སྲིང་བྱེད་ཆོག་གི་མེད་སྐོར་ཐེ་ཝན་གྱི་དཔལ་འབྱོར་ལས་ཁུངས་ཀྱིས་གསུངས་འདུག ཡིན་ནའི་ཐེ་ཝན་གཞུང་གིས་གོང་ཞུས་རྒྱ་ནག་གི་བརྙན་འཕྲིན་ལས་རིམ་ཁག་རྒྱང་སྲིང་བྱ་རྒྱུ་བཀག་འགོག་བྱེད་ཀྱི་མེད་སྐོར་ཐེ་ཝན་གྱི་དྲིལ་བསྒྲགས་ལས་དོན་ཚོགས་ཆུང་གིས་གསུངས་ཡོད་ཅིང་། ལས་ཁུངས་དེའི་གཙོ་འཛིན་གཞོན་པ་(Wong Po Tsung)་ཡིས། ཐེ་ཝན་མི་མང་ཚོས་རང་གི་འདོད་པ་ལྟར་རྒྱ་མཚོའི་ཕ་རོལ་དུ་ཡོད་པའི་ཡུལ་གྲུ་ཁག་གི་བརྙན་འཕྲིན་ལས་རིམ་ཁག་ལ་ལྟ་རྒྱུ་དང་། མངགས་ཉོ་ལོངས་སྤྱོད་བྱེད་ཆོག ཡིན་ཡང་མངགས་ཉོ་ལོངས་སྤྱོད་བྱེད་མཁན་མཛད་སྤྱོད་པའི་ཐོབ་ཐང་ལ་གནོད་སྐྱོན་མ་ཐེབས་པ་ངེས་གཏན་བཟོ་དགོས་སྐོར་རོ་ཡ་ཀྲར་གསར་ལས་ཁང་ལ་གསུངས་འདུག
ཡང་ཐེ་ཝན་གྱི་དྲིལ་བསྒྲགས་ལས་དོན་ཚོགས་ཆུང་གིས་ཟླ་བ་མང་པོའི་རིང་བགྲོ་གླེང་བྱས་པའི་རྗེས་སུ། འདི་ལོའི་ཕྱི་ཟླ་༥་པའི་ནང་རྒྱ་ནག་གི་བརྙན་འཕྲིན་ལས་རིམ་ཁག་དྲ་ཐོག་ནས་ཐེ་ཝན་ནང་བཏོན་བཞིན་པ་དེ་དག་གིས་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་མི་ཆོག་པའི་ཐག་གཅོད་གནང་ཡོད་འདུག
དམངས་གཙོའི་ལམ་ལུགས་ལྡན་པ་དང་རང་སྲིད་རང་གིས་སྐྱོང་བའི་ཐེ་ཝན་དེ་བཞིན་རྒྱ་ནག་གི་ས་ཁོངས་ཡིན་པ་བཤད་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་དྲ་རྒྱ་བརྒྱུད་ནས་གནས་ཚུལ་རྫུན་མ་སྤེལ་བ་དང་། ཐེ་ཝན་གྱི་གསར་ལམ་ཁག་ལ་གནོན་ཤུགས་སྤྲད་པ་སོགས་བརྒྱུད་ནས་ཡུལ་མི་རྣམས་རྒྱ་ནག་ཕྱོགས་ལ་བཀུག་ཐབས་བྱེད་ཀྱི་ཡོད་པའི་དོགས་པ་རྒྱུན་རིང་ནས་ཡོད་པ་རེད། ཐེ་ཝན་ནང་དྲ་རྒྱ་བེད་སྤྱོད་ཀྱི་རང་དབང་ཡོད་པ་དང་། རྒྱ་ནག་གཞུང་གིས་དྲ་རྒྱའི་རང་དབང་ལ་དམ་དྲག་ཚོད་འཛིན་བྱས་ནས། ཕྱི་ཕྱོགས་ཀྱི་གྷི་གྷལ་འཚོལ་ཞིབ་དྲ་གནས་དང་། ངོ་དེབ་སོགས་རྒྱལ་སྤྱིའི་རང་བཞིན་གྱི་དྲ་ལམ་མང་པོ་བཀག་ཡོད་པ་རེད།
ཐེ་ཝན་གཞུང་གིས་རྒྱ་ནག་གི་དྲ་རྒྱའི་ཁེ་གཉེར་ལས་ཁང་གི་བརྙན་འཕྲིན་ལས་རིམ་ཚོང་བསྒྱུར་མཚམས་འཇོག
