ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ནས་ཕེབས་ཐོན་རྗེས་རྒྱ་ནག་གིས་དམག་སྦྱོང་བྱེད་བཞིན་འདུག

2022.08.04
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ནས་ཕེབས་ཐོན་རྗེས་རྒྱ་ནག་གིས་དམག་སྦྱོང་བྱེད་བཞིན་འདུག རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཉེ་སར་དམག་སྦྱོང་བྱེད་བཞིན་པ། ༠༨།༠༤།༢༠༢༢
རྒྱ་ནག་གི་ཤར་ཁུལ་དམག་སྡེ། /via REUTERS

ལོ་ངོ་ཉི་ཤུ་རྩ་ལྔའི་རྗེས་ཐེ་ཝན་ནང་འཚམས་གཟིགས་ཕེབས་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་མཆོག་གཟའ་ལྷག་པའི་ཉིན། ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-Wen)་དང་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་གནང་ནས་ཨ་རིས་ཐེ་ཝན་བློས་གཏོང་མི་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་གནང་རྗེས་ཐེ་ཝན་ནས་ཕེབས་ཐོན་གནང་ཡོད་པ་དང་། དེའི་རྗེས་འདི་ཚེས་༤ཉིན། ཐེ་ཝན་ལ་ཉེན་བརྡ་མཚོན་ཆེད་དང་ཁོང་ཁྲོའི་རྣམ་འགྱུར་མཚོན་ཆེད་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་ཁུལ་དུ་གཞི་རྒྱ་ཆེ་བའི་རྫས་མདེལ་ངོ་མའི་དམག་གི་སྦྱོང་བརྡར་བྱེད་འགོ་བཙུགས་ཤིང་། ཕྱི་ཚེས་༧གཟའ་ཉི་མའི་བར་རྫས་མདེལ་ངོ་མའི་དམག་སྦྱོང་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱིས་བརྗོད་འདུག རྒྱ་ནག་གི་དམག་སྦྱོང་འདིས་མངའ་ཁུལ་གྱི་ནང་བདེ་འཇགས་ཀྱི་ཉེན་ཁའི་ཚོར་བ་ཆེན་པོ་ཞིག་བཟོས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་འདུག

Chinese military taiwan.jpg
གཞི་རྒྱ་ཆེ་བའི་དམག་སྦྱོང་སྐབས་རྒྱ་ནག་གི་མཁའ་དམག་གནམ་གྲུ་ཐེ་ཝན་གྱི་མཚོ་ཁུལ་བིང་ཏན་གླིང་ཕྲན་གྱི་མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་འདུག་ཅིང་། དེ་ནི་རྒྱ་ནག་ཐེ་ཝན་དང་ཐག་ཉེ་ཤོས་ཀྱི་ས་ཁུལ་དུ་འཕུར་བསྐྱོད་བྱས་པ་ཞིག་ཡིན་འདུག
ད་དུང་རྒྱ་ནག་གི་དམག་སྦྱོང་སྐབས་དམག་གི་གནམ་གྲུ་དང་གྲུ་གཟིངས་སོགས་ཐེ་ཝན་མཚོ་ཁུལ་དུ་སྒྲིག་པ་དང་། དངོས་སུ་ཉེ་འཁོར་མཚོ་ནང་དུ་མེ་ཤུགས་འཕུར་འདའ་འཕངས་ནས་དམག་སྦྱོང་བྱས་འདུག་ལ། དེ་ནི་ལོ་རྒྱུས་ཐོག་ཐེ་ཝན་མཚོ་ཁུལ་ཧ་ལམ་མཐའ་བསྐོར་ནས་དམག་དོན་སྦྱོང་བརྡར་བྱས་བ་གཞི་རྒྱ་ཆེ་ཤོས་ཞིག་ཡིན་འདུག དེ་སྔོན་ཕྱི་ལོ་༡༩༩༥དང་ ༡༩༩༦ནང་ལ་ཡང་རྒྱ་ནག་གིས་ཐེ་ཝན་ལ་དམིགས་ཏེ་དམག་སྦྱོང་ཤུགས་ཆེ་ཞིག་བྱས་ཡོད་པ་རེད། དེ་དང་བསྡུར་ན་ཐེངས་འདིའི་དམག་དོན་གཞི་རྒྱ་ཆེ་ལ། ཐེ་ཝན་གླིང་ཕྲན་གྱི་ཕྱོགས་དྲུག་ནས་རྒྱ་ནག་གི་དམག་དཔུང་གིས་རྣམ་པ་འདྲ་མིན་གྱི་དམག་སྦྱོང་བྱེད་བཞིན་ཡོད་འདུག

taiwan.jpg
རྒྱ་ནག་དམག་དཔུང་གིས་བརྗོད་པ་ལྟར་ན། དམག་དོན་སྦྱོང་བརྡར་སྐབས་ཐེ་ཝན་ཤར་ཕྱོགས་མཚོ་ཁུལ་དུ་མེ་ཤུགས་འཕུར་མདལ་དང་འབྲེལ་བའི་གཏོར་རྒོལ་གྱི་སྦྱོང་བརྡར་རིགས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཅིང་། རྒྱ་ནག་ཤར་ཕྱོགས་དམག་གི་དཔུང་སྡེའི་མགྲིན་ཚབ་པ་ཧྲེ་དབྱིས་ཟེར་བས་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་བྱས་པའི་ནང་། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི། མེ་ཤུགས་འཕུར་མདའི་དམིགས་ཚད་བཞིན་ཏག་ཏག་རྒྱག་ཐུབ་མིན་དང་། དེ་བཞིན་དགྲ་ཕྱོགས་འགོག་ཐབས། ས་གནས་རེ་ཟུང་སྟངས་འཛིན་ཐུབ་པའི་ནུས་པ་ཐོན་གྱི་ཡོད་མིན་བལྟ་ཆེད་དམིགས་པ་ཞིག་ཡིན་ལུགས་བཀོད་ཡོད་འདུག
ཐེ་ཝན་བདེ་སྲུང་ལྷན་ཁང་གིས། རྒྱ་ནག་གི་དམག་དཔུང་གིས་གཟའ་ཕུར་བུའི་ཉིན་གུང་ཚོུད་༡ཿ༥༦ནས་༤བར་ཏུང་ཕང་རྟགས་ཅན་གྱི་མེ་ཤུགས་འཕུར་མདལ་གྲངས་༡༡ཐེ་ཝན་གྱི་མཚོ་ཁུལ་ནང་འཕངས་ཡོད་པ་བརྗོད་འདུག་ལ། ཐེ་ཝན་གྱི་དམག་དཔུང་དོགས་ཟོན་ཆེན་པོའི་ཐོག་གནས་སྟེ་རྒྱ་ནག་གི་དམག་དོན་བྱ་འགུལ་ལ་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག་ལ། རྒྱ་ནག་གི་བྱ་སྤྱོད་འདིར་ཐེ་ཝན་བདེ་སྲུང་ལྷན་ཁང་གིས། རྒྱུ་མཚན་ལྡན་མི་ལྡན་པའི་བྱ་སྤྱོད་འདིས་མངའ་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་བརྗོད་འདུག
རྒྱ་ནག་གི་དམག་དཔུང་གིས་མེ་ཤུགས་འཕུར་མདལ་འཕངས་ཡུལ་ཐེ་ཝན་གྱི་མཚོ་ཁུལ་འདི་ནི་ཉེ་ཧོང་གི་ལྟ་སྲུང་བྱེད་པའི་དམིགས་བསལ་དཔལ་འབྱོར་ལས་གཞི་སྤེལ་ཡུལ་ཞིག་ཡིན་སྟབས། ཉི་ཧོང་གི་བདེ་སྲུང་བློན་ཆེན་ནོ་སྦུའོ་ཀི་ཞི་ལགས་ཀྱིས། འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་མང་ཚོགས་བདེ་འཇགས་ཐད་སེམས་འཚབ་ཆེན་པོ་བཟོ་བའི་གནད་དོན་ཞིག་ཡིན་པ་གསུངས་འདུག
འདས་པའི་ལོ་གཉིས་ཀྱི་ནང་གཙོ་བོ་རྒྱ་ནག་གིས་ཐེ་ཝན་ལ་ཉེན་ཁ་བཟོ་བཞིན་པར་དམིགས་སྟེ་ཉི་ཧོང་གི་བདེ་འཇགས་དང་སྲུང་སྐྱོབ་ཐད་གདེངས་ཚོད་ཆེ་རུ་བཏང་ཡོད་ཅིང་། ༢༠༢༡ལོའི་ཕྱི་ཟླ་༦ནང་ཉི་ཧོང་གི་བདེ་སྲུང་བློན་ཆེན་གཞོན་པ་ཡ་སུ་ཧི་དྷེ་ན་ཀ་ཡ་མ་ལགས་ཀྱིས། ང་ཚོས་མང་གཙོའི་ལམ་ལུགས་ལྡན་པའི་ཡུལ་གྲུ་ཐེ་ཝན་སྲུང་སྐྱོབ་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་པེ་ལོ་སི་མཆོག་གཟའ་པ་སངས་ཉིན་ཉི་ཧོང་དུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་རེད།
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ཧའ་ཁྲུན་ཡིང་གིས། ཕྱི་ཚེས་༣ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་གཞུང་གིས་དམག་དོན་སྦྱོང་བརྡར་བྱེད་རྒྱུ་དེའི་རྒྱུ་རྐྱེན་ཨ་རི་དང་ཐེ་ཝན་ལ་ཐུག་ཡོད་ལུགས་བཤད་ཡོད་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎