རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ལྷོ་ནུབ་ཁུལ་དུ་མཁའ་དམག་གནམ་གྲུ་བཏང་སྟེ་དམག་སྦྱོང་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ལྷོ་ཕྱོགས་དང་ལྷོ་ནུབ་ཁུལ་དུ་མཁའ་དམག་གནམ་གྲུ་དང་། གོ་མཚོན་ཐོགས་པའི་གནམ་གྲུ་༢༠ལྷག་དང་། དམག་གི་གྲུ་གཟིངས་སོགས་བཏང་ནས་རེས་གཟའ་ལྷག་པ་བར་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་ནས་ཉིན་གཉིས་ཕྱིན་པ་ཐེ་ཝན་གྱི་བདེ་སྲུང་ལྷན་ཁང་གིས་བརྗོད་པ་ལུངས་འདྲེན་གྱིས་རོའུ་ཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག་ལ། གནས་ཚུལ་ནང་། ད་བར་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཉེ་འཁྲིས་སུ་དམག་སྦྱོང་བྱེད་བཞིན་པའི་སྐོར་གང་ཡང་བསྒྲགས་མེད་ན་ཡང་། དེ་ནི་ཐེ་ཝན་གྱི་ལོ་འཁོར་དམག་སྦྱོང་མ་བྱས་པའི་བདུན་ཕྲག་གཉིས་ཀྱི་གོང་དང་། (NATO)་ཞེས་བྱང་ཨེཀ་ལན་ཀྲིག་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་སྒྲིག་འཛུགས་དེའི་ཚོགས་མི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་གི་བཙན་ཤེད་ཅན་དང་ཞེ་འདོད་ཅན་གྱི་སྲིད་ཇུས་འཛིན་བཞིན་པ་དེས་སྒྲིག་འཛུགས་དེའི་ཁེ་ཕན་དང་བདེ་འཇགས། དེ་བཞིན་ཆེ་མཐོང་ཁག་ལ་ཁ་གཏད་གཅོག་གི་ཡོད་སྐོར་གསུངས་སྐབས་དང་འཁེལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཉེ་འཁོར་དུ་སྔ་ལོའི་ཕྱི་ཟླ་བརྒྱད་པའི་ནང་དང་། འདི་ལོའི་ཕྱི་ཟླ་བཞི་པའི་ནང་དམག་སྦྱོང་བྱས་པ་མ་ཟད། ཐེ་ཝན་མཚོ་ཁུལ་གྱི་ཉེ་འཁོར་མཁའ་དབྱིངས་སུ་མཁའ་དམག་གནམ་གྲུ་ཡང་ནས་ཡང་དུ་བཏང་སྟེ་ཐེ་ཝན་ལ་གནོན་ཤུགས་སྤྲོད་ཐབས་བྱེད་མུས་ཡིན་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།