ཐའེ་ལྦན་དང་རྒྱ་ནག་གི་ཚོང་འབྲེལ་གྱི་གྲོས་མཐུན།
2009.10.26
༄༅༎ཐའེ་ལྦན་དང་རྒྱ་ནག་བར་ཚོང་འབྲེལ་གྱི་གྲོས་མཐུན་བཞག་གནང་རྒྱུར་རྒྱ་གཞུང་གིས་གྲོས་མོལ་འགོ་འཛུགས་གནང་རྒྱུའི་ཆོག་མཆན་གནང་སྐོར་ཐའེ་ལྦན་གྱི་འབྲེལ་ཡོད་དཔོན་རིགས་ཤིག་གིས་གསུངས་འདུག
ཐའེ་ལྦན་གྱི་རྒྱ་ནག་སྐམ་སའི་ལས་དོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་ལིའུ་ཊེ་སུན་ཡིས་རྒྱ་གཞུང་གི་གནས་བབ་དེས་ཕྱོགས་ཕན་ཚུན་བར་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་རྒྱུར་ཕན་ཐོགས་བྱུང་སྐོར་དང་དེས་ཡུལ་གཉིས་ཀྱི་དཔལ་འབྱོར་གྱི་འབྲེལ་ལམ་དེ་དམ་ཟབ་ཏུ་འགྲོ་རྒྱུ་ཡིན་སྐོར་གསུངས་འདུག
རེས་གཟའ་ཉི་མ་ཉིན་རྒྱ་ནག་གི་ཐའེ་ལྦན་ལས་དོན་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ལྦང་ཡི་ཡིས་ཕྱོགས་ཕན་ཚུན་གྱི་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་རྒྱུའི་གྲོས་མོལ་དེ་འགོ་འཛུགས་གནང་ན་འགྲིག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ཁོང་གིས་རྒྱ་ནག་གི་གྲོང་ཁྱེར་གྲིན་ཐུའི་ནང་ཚོང་འབྲེལ་གྱི་ལྷན་ཚོགས་ཤིག་སར་རྒྱ་ནག་ངོས་ནས་ཐའེ་ལྦན་གྱི་རྒྱུ་མཚན་ལྡན་པའི་དགོས་མཁོ་ཁག་ལ་དགོངས་བཞེས་གནང་རྒྱུ་དང་ཕན་ཚུན་གཉིས་ཀས་ཚོང་འབྲེལ་གྱི་གྲོས་མཐུན་དེས་བཟོ་གྲྭ་གང་དང་གང་ལ་ཁེ་ག་ཚོད་རག་ཐུབ་ཐབས་དང་གྱོང་གུན་ཉུང་དུ་གཏོང་ཐུབ་ཐབས་གནང་དགོས་སྐོར་བརྗོད་འདུག ཐའེ་ལྦན་གྱི་དཔལ་འབྱོར་ལྷན་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་དང་ཚོང་འབྲེལ་གྱི་གྲོས་མཐུན་དེ་བཞག་གནང་བ་ཡིན་ན་ཐའེ་ལྦན་གྱི་དཔལ་འབྱོར་འཕེལ་རྒྱས་དེ་བརྒྱ་ཆ་གཅིག་དང་གྲངས་ཆུང་དྲུག་གིས་འཕར་རྒྱུ་དང་དེས་ཡུལ་ནང་མི་གྲངས་༢༦༠༠༠༠ཐམ་པར་ལས་ཀ་འཕར་མ་ཐོབ་རྒྱུ་ཡིན་སྐོར་གྱི་སྙན་ཐོ་བཏོན་ཡོད་པ་རེད། ཡང་ཐའེ་ལྦན་གྱི་ངལ་རྩོལ་ལྷན་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་ཚོང་འབྲེལ་གྱི་གྲོས་མཐུན་དེས་ལོ་དང་པོ་དང་གཉིས་པའི་ནང་ཐའེ་ལྦན་གྱི་ལས་ཀ་གྲངས་༨༠༠༠༠ཤོར་རྒྱུ་དང་དེ་རྗེས་ལས་ཀ་འཕར་མ་འབུམ་གཅིག་ཙམ་འཐོབ་རྒྱུ་ཡིན་པའི་སྙན་ཐོ་བཏོན་གནང་ཡོད་པ་རེད། ཕྱོགས་ཕན་ཚུན་བར་གྱི་ཚོང་འབྲེལ་གྱི་གྲོས་མོལ་རྗེས་མ་དེ་ཐའེ་ལྦན་གྱི་གྲོང་ཁྱེར་ཐའེ་ཀྲུང་ནང་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དང་དེ་མིན་ཟླ་མཇུག་ནང་གནང་རྒྱུའི་འཆར་གཞི་ཡོད་པ་དང་ཐའེ་ལྦན་ངོས་ནས་གྲོས་མཐུན་དེ་འཆར་ལོའི་དཔྱིད་ཀའི་ནམ་དུས་སུ་འཇོག་གནང་ཐུབ་པ་གནང་རྒྱུའི་རེ་བ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག།