༧བྱམས་མགོན་༧ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཐེངས་དང་པོ་ཆིབས་སྒྱུར་གནང་ཡོད་པ།
བྱམས་མགོན་རྡོ་རྗེ་འཆང་༧ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ལ།ཉེ་ལམ་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང་།དགོན་སྡེ་གྲྭ་ཚང་དང་དད་ལྡན་མང་ཚོགས་ཧ་ཅང་མང་པོས་གསོལ་འདེབས་རྩེ་གཅིག་ཏུ་ཞུས་པ་ལྟར།སྤྱི་ཟླ་༩པའི་ཚེས་༢༠ཉིན་རྒྱལ་ས་ལྡི་ལི་ནས་ཆིབས་ཐོན་གྱིས་མོན་རྟ་དབང་དགོན་པར་ཞབས་སོར་བདེ་འཁོད་ཀྱི་རྗེས།
དེ་གར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དབུས་པའི་གཞུང་ཞབས་པ་དང་གནད་ཡོད་མི་སྣ།དགོན་སྡེ་ཁག་གི་སྐུ་ཚབ་དང་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་སོགས་མི་མང་ཆིག་སྟོང་ཙམ་ལ་བཀའ་སློབ་གསུང་ཆོས་གྲུབ་པ་མ་ཟད།མོན་རྟ་དབང་གི་དད་ལྡན་མི་མང་ཚོར་ཚེ་དབང་སྩལ་བ་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་དགོན་ལྷག་སྟེ།མོན་དཔལ་སྤུངས་བྱང་ཆུབ་ཆོས་གླིང་དབུ་བརྙེས་ནས་ལོ་༢༠འཁོར་བའི་མཛད་སྒོར་ཕེབས་ཏེ་མང་ཚོགས་ལ་ཚེ་དབང་བཀའ་སློབ་སྩལ་ཏེ།གནས་ཁྱད་པར་ཅན་ཁག་ཅིག་ལ་གནས་གཟིགས་དང་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུའང་བོད་མི་ཚོར་ཚེ་དབང་བཀའ་སློབ་ཕེབས་པ་སོགས།ཞག་པོ་བཅུ་གཉིས་ཀྱི་རིང་མངའ་སྡེ་དེར་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ནས་འགྲེལ་བརྗོད་གནང་བྱུང་།བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་གཞིགས་ན་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་སྐབས་ཁུལ་དེའི་བོད་མི་དང་། དད་ལྡན་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད་འདུག
གཞན་ཡང་བཀའ་བརྒྱུད་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ནས་ད་རེས་༧བྱམས་མགོན་༧ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཀྱི་སྙིང་པོ་ནི།ནང་པའི་ཆོས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་དང་བསྔོ་བ་སྨོན་ལམ་སོགས་སྦྱོར་དངོས་རྗེས་གསུམ་གནད་འགག་ཆེན་པོ་ཡིན་པ་དང་།རྒྱ་གར་འཕགས་ཡུལ་ནས་བོད་གངས་ཅན་ལྗོངས་སུ་ནང་པའི་ཆོས་དར་བའི་ཚུལ།སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྗེས་སུ་འཇུག་པའི་བོད་གངས་ཅན་པའི་ཆོས་བརྒྱུད་ཆ་ཚང་གཞི་རྩའི་ཐོག་ནས་གཅིག་པ་ཡིན་པས།དེ་ལ་ང་ཚོ་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་པ།རྒྱ་གར་ནས་བོད་ལ་ཆོས་དར་ནས་བཟུང་བོད་དང་རྒྱ་གར་འཕགས་ཡུལ་དབར་ད་བར་འབྲེལ་བ་ཆེན་པོ་དང་།རྒྱ་གར་འཕགས་པའི་ཡུལ་དེ་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ།ང་ཚོ་བཙན་བྱོལ་དུ་སླེབས་རྗེས་ཀྱང་རྒྱ་གར་འཕགས་ཡུལ་གྱི་གཞུང་མང་གཉིས་ཀའི་བཀའ་དྲིན་ལ་བརྟེན་ནས།བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་སྲུང་སྐྱོང་གནང་ཐུབ་པ་མ་ཟད།ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་སྐབས།ཐོག་མར་ཨ་རུ་ནཱ་ཅལ་གྱི་མོན་རྟ་དབང་ཁུལ་ནས་ཕེབས་པའི་མུར།མངའ་སྡེ་དེར་ཡང་ཡང་ཆིབས་སྒྱུར་བཀའ་སློབ་ཟབ་མོ་གནང་བ་ཁག་ང་ཚོས་ལག་བསྟར་བྱེད་གལ་ཆེན་པོ་ཡིན་པའི་གསལ་འདེབས་གནང་བ་སོགས་འགྲེལ་བརྗོད་གནང་གི་འདུག
༧བྱམས་མགོན་རྡོ་རྗེ་འཆང་༧ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ད་ལན་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་གནང་བ་ཐོག་མ་དེ་བཞིན་མངའ་སྡེ་གཞུང་ནས་མངའ་སྡེའི་སྐུ་མགྲོན་ངོ་བོར་སྣེ་ལེན་ཞུས་ཡོད་པ་དང་།གཙོ་ཆེར་མོན་ཡུལ་དཔལ་སྤུངས་ཆོས་འཁོར་གླིང་དགོན་པ་དང་།མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས།ལྷག་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་སོགས་ནས་གསོལ་འདེབས་གདན་ཞུས་ཕུལ་བ་ཞིག་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།