ཕྱི་རྒྱལ་ལ་ཡོད་པའི་ཐེ་ཝན་གྱི་ཚོང་ལས་པ་རྣམས་ཕྱིར་ཐེ་ཝན་དུ་ལོག་རྒྱུའི་འབོད་སྐུལ།
2019.02.12
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡི་གཡིང་ཝེན(Tsai Ing-wen)མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཐེ་ཝན་གྱི་ཚོང་ལས་པ་རྣམས་ཕྱིར་ཐེ་ཝན་དུ་ལོག་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཕྱི་ཟླ་ ༢ ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་རྒྱ་ནག་ཏུ་ཡོད་པའི་ཐེ་ཝན་གྱི་ཚོང་པའི་འདུ་འཛོམས་གསོལ་སྟོན་ཞིག་བྱས་པའི་སྐབས། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡི་གཡིང་ཝེན་ (Tsai Ing-wen)མཆོག་གིས། ད་ལྟའི་འཛམ་གླིང་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དང་། ལྷག་པར་དུ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕྱིར་ཚོང་ནང་འདྲེན་གྱི་དངོས་ཟོག་ལ་སྒོ་ཁྲལ་རྒྱབ་ཕྱོགས་ཀྱི་རྙོག་དྲ་སོགས་ཕྱོགས་ཕན་ཚུན་ཚོང་འབྲེལ་ཐད་མི་མཐུན་པའི་དཀའ་རྙོག་ཡོད་པའི་བཞིན་པའི་གནས་སྟངས་འོག་ཐེ་ཝན་གྱི་ཚོང་དོན་ལ་ཡང་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ནའང་། ཡང་ཕྱོགས་གཞན་ཞིག་ནས་གནས་སྟངས་འདི་ནི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུའི་གོ་སྐབས་ཡག་པོ་ཞིག་ཀྱང་ཡིན་པར་བརྟེན། ཐེ་ཝན་གཞུང་གིས་དཀའ་རྙོག་འདི་དག་ལ་གདོང་ལེན་བྱས་ཏེ་ཐེ་ཝན་གྱི་དཔལ་འབྱོར་ལ་ལམ་ཁ་གསར་པ་ཞིག་བསྐྲུན་རྒྱུའི་གདེང་ཚོད་དང་ཡིད་ཆེས་ཡོད་ཅེས་དང་། ཡང་ཁོང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཐེ་ཝན་གྱི་ཚོང་ལས་པ་རྣམས་ཕྱིར་ཐེ་ཝན་དུ་ལོག་རྒྱུའི་གོ་སྐབས་ཡང་བཟང་པོ་ཞིག་ཡིན་པ་དང་། ཐེ་ཝན་གྱི་ཚོང་ལས་པ་རྣམས་ཀྱིས་ཚོང་ལས་ཀྱི་ལྟེ་གནས་དེ་ཐེ་ཝན་རང་དུ་བཙུགས་ནས་ཚོང་རྟགས་ཡང་ཐེ་ཝན་ཚོང་ལས་ཚོགས་པས་བཟོས་ཞེས་པ་བྲིས་པའི་ཚབ་ཏུ་ཐེ་ཝན་ནང་བཟོས་པ་ཞེས་པར་བསྒྱུར་བ་གཏོང་དགོས་རྒྱུའི་འབོད་སྐུལ་ཡང་གནང་འདུག
སྲིད་འཛིན་ལྕམ་ཚཡི་གཡིང་ཝེན་(Tsai Ing-wen)མཆོག་གིས་ཐེ་ཝན་གྱིས་ཐེ་ཝན་ནང་ཁུལ་གྱི་དགོས་མཁོ་དང་བསྟུན་ནས་གསར་གཏོད་བྱ་རྒྱུ་དང་། ཐེ་ཝན་དུ་ཕྱིར་ལོག་ཡོང་བའི་ཐེ་ཝན་གྱི་ཚོང་པ་རྣམས་ལ་ཕྱོགས་ཡོངས་ནས་མ་དངུལ་གྱི་རོགས་རམ་བྱས་ནས་ཚོང་ལས་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེ་རུ་གཏོང་རྒྱུ་དང་། འཛམ་གླིང་ཡོངས་སུ་ཐེ་ཝན་གྱི་ཚོང་ཟོག་ཕྱིར་ཚོང་བྱ་རྒྱུ་སོགས་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་གསུམ་གྱི་ལས་དོན་འཆར་གཞི་བཏོན་གནང་ཡོད་པ་རེད།