སི་རི་ཡའི་གནད་དོན་ཐོག་དམིགས་བསལ་ལྷན་ཚོཌ
2011.08.18
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བདུན་རྗེས་མའི་རེས་གཟའ་ཟླ་བ་ཉིན་སི་རི་ཡའི་གཞུང་གིས་མི་མང་ཐོག་དྲག་སྤྱོད་ཀྱི་ལས་དོན་སྤེལ་བའི་གནད་དོན་ཐོག་དམིགས་བསལ་གྱི་ལྷན་ཚོགས་ཤིག་གནང་རྒྱུ་ཡིན་པ་རེད་ སི་རི་ཡའི་ཐོག་དམིགས་བསལ་གྱི་ལྷན་ཚོགས་དེ་ལོ་འདིའི་ནང་ལྷན་ཚོགས་གཉིས་པ་དེ་ཆགས་ཀྱི་ཡོད་ཅིང་དམིགས་བསལ་གྱི་ལྷན་ཚོགས་དེ་འདུ་བསྐོངས་གནང་མཁན་ཡུལ་ཁག་ནི་ཡོ་རོབ་སྤྱི་མཐུན་དང་ཨ་མི་རི་ཀ་དེ་བཞིན་ཨ་རབ་ཡུལ་ཁག་གི་ཡུལ་གྲུ་ཇོར་ཌེན་ ཀུ་ལྦེཏ་ སའོ་རྡི་ཨེ་རེ་སྦི་ཡ་དང་ ཀ་ཏའར་བཅས་ཡིན་པ་རེད་ རེས་གཟའ་ཕུར་བུའི་ཉིན་གྱི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གསལ་བསྒྲགས་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གིས་སི་རི་ཡའི་ནང་གི་དལྟའི་དཀའ་རྙོག་དེའི་སྐོར་ཞིབ་འཇུག་གནང་རྒྱུའི་དུས་སྐབས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་ནས་སི་རི་ཡའི་སྲིད་འཛིན་སྦ་ཤར་ཨེལ་ཨ་སའརྡ་ལ་རྒྱལ་སྤྱིའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་གནང་རྒྱུ་ཡིན་པ་རེད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་ན་ལྦི་པི་ལའེ་དང་མི་ཆོས་་རིང་ལུགས་ཀྱི་གཙོ་འཛིན་ལྦེ་ལེ་རི་ཨེ་མོ་སེ་རྣམ་གཉིས་ཀྱིས་གོང་ཞུས་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཚོགས་འདུ་དེར་ད་ལྟའི་སི་རི་ཡའི་ནང་གི་ཛ་དྲག་གི་གནས་སྟངས་སྐོར་སྙན་སེང་གནང་རྒྱུ་ཡིན་པ་རེད་ ཡོ་རོབ་སྤྱི་མཐུན་གྱི་ཕྱི་འབྲེལ་དཔོན་རིགས་ཤིག་གིས་གོང་ཞུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་དེར་སི་རི་ཡའི་གཞུང་གིས་རང་གི་མི་སེར་སྡེབས་གསོད་བྱས་པ་དེར་སྐྱོན་བརྗོད་དང་དེར་ཞིབ་འཇུག་གནང་དགོས་པའི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་སྐོར་གསུང་འདུག སི་རི་ཡའི་ནང་སྲིད་འཛིན་ཨ་སའརྡ་གྱི་གཞུང་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམས་ཀྱིས་ལས་འགུལ་དེ་ཟླ་ངོ་ ༥ གོང་ལས་འགུལ་སྤེལ་འགོ་བཙུགས་པ་ནས་བཟུང་ད་བར་མི་གྲངས་ ༢༠༠༠ ཡི་ཚེ་སྲོག་ཤོར་ཡོད་སྐོར་གསུང་གི་ཡོད་པ་རེད་ ཡིན་ནའང་སྲིད་འཛིན་ཨ་སའརྡ་ཡིས་རྒྱལ་སྤྱིའི་ཐོག་གནོན་ཤུགས་སླེབས་མིན་ལ་མ་ལྟོས་པར་སི་རི་ཡའི་གཞུང་དེ་མཁྲེགས་པོ་དང་རྒྱུན་སྲིང་ནས་གནས་ཐུབ་རྒྱུ་ཡིན་སྐོར་ཧམ་བཤད་བྱས་ཡོད་པའི་གནས་ཚུལ་ཐོན་བཞག