སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་ད་ལོའི་དབྱར་ཁའི་ཚོགས་དུས་བསྡུས་ནས་ལོ་སྔོན་མའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་དབུ་མའི་ལམ་གྱི་སྲིད་བྱུས་ཐད་གྲོས་བསྡུར་གནང་འདུག
སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་༡༧ ཉིན་སུད་སིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ཡུལ་དེའི་གྲོས་ཚོགས་འཐུས་མིས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་གནང་སྲོལ་ཡོད་པ་ལྟར། ད་ལོའི་དབྱར་ཁའི་ཚོགས་ཐུན་བཀོད་སྒྲིག་བྱས་པའི་ཐོག ད་ལོའི་སྤྱི་ཟླ་ལྔ་བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཐོག་བཞག་པའི་གྲོས་ཆོད་ཁག་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྲོས་བསྡུར་གླེང་སློང་གནང་ཡོད་པ་རེད། ཡང་སྐབས་དེར་སུད་སི་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སུད་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཚོས་ད་བར་བོད་ཀྱི་གནད་དོན་དང་། བོད་མི་རྣམས་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཞིག་ཡིན་སྐོར་དང་། གྲོས་ཚོགས་འཐུས་མིའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་སླད་བར་ལམ་ཕྱི་ལོ་ ༢༠༡༠ ནས་གྲོས་མོལ་བར་མཚམས་ཆད་ཀྱང་བོད་རྒྱ་འབྲེལ་མོལ་དེ་བཞིན་ཧ་ཅང་གལ་གནད་ཆེན་པོ་ཡིན་སྟབས་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་ཞུ་དགོས་བ་གལ་ཆེ་བ་སོགས་གསུང་ཡོད་པ་རེད།
ཚོགས་གཞོན་ལྕམ་སྐུ་མ་ཡ་གྷ་རཕ་(Ms. Maya Graf) ལགས་གཙོས་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ལྕམ་སྐུ་རྦར་རྦ་ར་རྒྱ་སིས(Barbara Gysi)་དང་། (Ms. Claudia Friedl)་སོགས་འཐུས་མི་བརྒྱད་ལྷག་དང་། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Thomas Buchli)་ལགས། ཚོགས་གཞོན་ངོར་ཁང་གསར་ལྷ་དབང་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག
སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་དབྱར་ཁའི་ཚོགས་དུས་དེ་སྤྱི་ཟླ་ ༦ ཚེས་ ༣ ནས་ ༢༡ ་བར་ཉིན་གྲངས་ ༡༨ རིང་ཚོགས་བཞིན་ཡོད་པ་དང་། སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་གཉིས་བ་དེ་ད་ལོའི་ཕྱི་ཟླ་ ༡༢ ནང་འཚོགས་གཏན་འཁེལ་ཡོད་པ་རེད།
སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབྱར་ཚོགས།
