སུད་སིའི་གྲོས་ཚོགས་འཐུས་མི་ཚོས་བོད་མིའི་རང་དབང་འཐབ་རྩོད་ཀྱི་པེ་རི་སིའི་བསྒྲགས་གཏམ་ལ་རྒྱབ་སྐྱོར་གནང་ཡོད་པ།
དེ་ཡང་ཡོ་རོབ་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་། མགོ་ལོག་འཇིགས་མེད་ལགས་གཉིས་ཀྱི་མཚན་ཐོག་དེ་རིང་ཕྱི་ཚེས་བརྒྱད་འཁོད་པའི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། དེ་རིང་གཟའ་མིག་དམར་ཉིན་ཁོང་རྣམ་གཉིས་ནས་སུད་སིའི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག་པ་དང་། སྐབས་དེར་སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་གྲོས་ཚོགས་འཐུས་མི་རྣམས་ལ་བཀྲས་མཐོང་དབང་པོ་ལགས་དང་མགོ་ལོག་འཇིགས་མེད་ལགས་ངོ་སྤྲོད་གནང་ཡོད་པ་དང་། ལྷག་པར་དུ་མཇལ་འཕྲད་དེའི་སྐབས་སུ་མགོ་ལོག་འཇིགས་མེད་ལགས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་དམིགས་བསལ་བོད་ནང་གི་འབྲོག་པ་ཚོར་འཕྲད་བཞིན་པའི་དཀའ་ངལ། ཡང་སྒོས་ཁོང་རང་ཉིད་ཀྱི་གྲོགས་པོ་དོན་གྲུབ་དབང་ཆེན་ལགས་ཀྱི་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་ཁོང་རྣམས་ལ་ཞིབ་ཕྲ་སྙན་སེང་ཞུས་ཡོད་འདུག
ཡང་སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་གྲོས་ཚོགས་འཐུས་མི་རྣམས་ལ་སྔ་ལོ་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་། བོད་མིའི་རང་དབང་འཐབ་རྩོད་ཆེད་ཡུ་རོབ་ཡུལ་གྲུ་ཁག་གི་འཐུས་མི་རྣམ་པས་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་གནང་བའི་གནད་དོན་རྣམས་ཞུས་པ་དང་སྦྲགས་ད་དུང་མུ་མཐུད་ནས་ཡུ་རོབ་ནང་ཚོགས་པ་འདྲ་མིན་ཁག་ནས་ལས་གཞི་འདིའི་ཐོག་ལས་འགུལ་སྤེལ་ནས་ལོ་འདིར་བྷ་ར་སིལ་ནང་མཇུག་སྒྲིལ་རྒྱུའི་འཆར་གཞི་ཡོད་ལུགས་ཀྱང་ཞུས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་དེ་རིང་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ནས་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་ལ་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་ཕེབས་རྒྱུའི་མགྲོན་འབོད་ཞུས་པ་ལྟར་ཁོང་རྣམས་ནས་ཀྱང་ཕེབས་རྒྱུའི་ཐུགས་འདུན་གནང་གི་ཡོད་ལུགས་ཀྱང་བཀོད་ཡོད་པ་བཅས་གང་ལྟར་སྔ་ལོའི་ཕྱི་ཟླ་གསུམ་པའི་ནང་། ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་། ཡུ་རོབ་ཡུལ་གྲུ་ཁག་ནས་བོད་ཀྱི་བདེན་མཐའ་སེལ་ཐབས་དང་བོད་མིའི་རང་དབང་འཐབ་རྩོད་ཆེད་རྒྱབ་སྐྱོར་གནང་རྒྱུའི་བསྒྲགས་གཏམ་སྤེལ་བ་ལྟར་མུ་མཐུད་ནས་ཡུ་རོབ་ཀྱི་ཡུལ་གྲུ་ཁག་གི་གྲོས་ཚོགས་འཐུས་མི་ཚོར་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གནང་བཞིན་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
བོད་ཀྱི་རང་དབང་འཐབ་རྩོད་ཀྱི་པེ་རི་སིའི་བསྒྲཊ་གཏམ་ལ་རྒྱབ་སྐྱོར།
