བོད་ནང་གི་གནས་སྟངས་ལ་སེམས་འཚབ།
2011.11.22
༄༅༎སུད་སིའི་ཕྱི་སྲིད་ལྷན་ཁང་གིས་ བོད་ནང་གི་ད་ལྟའི་གནས་སྟངས་ཐོག་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་གསུངས་འདུག།
ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་སུད་སིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་ བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་གིས་འཛིན་པའི་དམ་བསྒྲཌ་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་བྱེད་པའི་གནས་སྟངས་དེ་ནི་ཧ་ཅང་གི་སེམས་འཚབའོས་པའི་རང་བཞིན་ཞིག་ཡིན་པ་གསུངས་པ་དང་སྦྲགས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ དམིགས་བསལ་བོད་མིའི་གནས་བབ་ནི་སུད་སི་གཞུང་དང་རྒྱ་ནག་གཞུང་དབར་གྱི་འགོ་འཁྲིད་མི་སྣའི་དབར་རྒྱུན་དུ་གྲོས་མོལ་བྱེད་པའི་གཞི་ཡུལ་ཞིག་ཡིན་པ་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་དེང་སྐབས་ཡོ་རོབ་ཁུལ་ཉིན་གྲངས་བཅིུས་ཀྱི་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་པ་ནས་ སུད་སིར་ཕེབས་འབྱོར་གནང་ཡོད་ཅིང༌། ཁ་སང་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ སུད་སིའི་རྒྱལ་ས་སྦན་དུ་ཕེབས་ཏེ་ སུད་སིའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་ལས་བྱེད་ཅིག་དང་མཇལ་འཕྲད་གནང་པའི་སྐབས་ བཀའ་བློན་ཁྲི་པ་མཆོག་གིས་ འདི་ལོ་ཕྱི་ཟླ་ ༣ ནས་བཟུང་བོད་ནང་གི་བོད་མི་བཅུ་གཅིག་གིས་རང་ལུས་མེར་བསྲེགས་བཏང་པ་དེ་ནི་ བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲཌ་སྲིད་བྱུས་འོག་འུ་ཐུག་ཐབས་ཟད་ཆགས་ཏེ་བྱ་སྤྱོད་དེ་འདྲ་ཞིག་མ་སྤེལ་ཐབས་མེད་ཆགས་པ་ལས་ མི་སུ་ཡིན་ཡང་འཆི་རྒྱུའི་འདོད་པ་མེད་པ་སོགས་འགྲེལ་བརྗོད་གནང་འདུག་ལ་ དེ་བཞིན་བཀའ་བློན་ཁྲི་པ་མཆོག་གིས་ ཕྱི་ལོ་ ༡༩༦༠ ཙམ་ནས་འགོ་བཙུགས་སྟེ་ སུད་སིའི་རྒྱ་གྲམ་དམར་པོ་དང་སུད་སིའི་གཞུང་མང་གཉིས་ཀྱིས་བོད་མི་ཚོར་རྒྱབ་སྐྱོར་རོགས་རམ་ཤུགས་ཆེ་གནང་བཞིན་པར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཞུས་གནང་འདུག།