དཀྱིལ་ཤར་ཡུལ་གྲུའི་མང་གཙོའི་སྒེར་ལངས་ཀྱི་ཤུགས་རྐྱེན།
2011.06.28
༄༅།།འབར་མའམ་མཡན་མར་མང་གཙོའི་ལས་འགུལ་གྱི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་མཆོག་གིས་ཉེ་བའི་དུས་སུ་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་མང་གཙོའི་སྒེར་ལངས་བྱུང་བའི་གནས་ཚུལ་དེ་དག་དྲག་པོའི་དབང་འཛིན་ལམ་ལུགས་ཀྱི་འོག་གནས་པའི་ཡུལ་མི་ཚོར་སེམས་ཤུགས་་འཕེལ་བའི་ཆ་རྐྱེན་ཞིག་ཆགས་ཡོད་པ་གསུངས་འདུག།
ལྕམ་ཨང་སང་སུ་ཅི་མཆོག་གིས་གཏམ་བཤད་ཅིག་གཟའ་མིག་དམར་ཉིན་ དབྱིན་ཇིའི་སྦི་སྦི་སི་རླུང་འཕྲིན་ལས་ཁང་བརྒྱུད་རྒྱང་སྲིང་བྱེད་འཆར་ཡོད་པ་དེའི་ནང༌། ཨི་ཇིབ་ནང་ལས་སླ་པོ་ཞིག་དང་མགྱོགས་ཚད་མྱུར་པོ་ཞིག་གི་ཐོག་ནས་མི་དམངས་སྒེར་ལངས་བྱུང་བར་ང་ཚོ་འབར་མའི་ནང་ཡོད་པ་ཚོས་ཡིད་སྨོན་བྱེད་ཀྱི་ཡོད་ཅེས་དང༌། ཉེ་བའི་དུས་སུ་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་བྱུང་བའི་གནས་ཚུལ་དེ་དག་གིས་ ང་ཚོའི་ཡུལ་གྲུའི་ནང་འཇིག་རྟེན་ཀུན་དུ་ཁྱབ་པའི་རང་དབང་གི་ཚོར་ཤུགས་དྲག་པོ་ཞིག་སླར་ཡང་བྱིན་ཡོད་པ་རེད་ཅེས་གསུངས་འདུག།
འབར་མའི་ནང་ཕྱི་ལོ་ ༡༩༨༨ དང་ ཕྱི་ལོ་ ༢༠༠༧ ལོར་མང་ཚོགས་སྒེར་ལངས་ཤུགས་ཆེ་བྱུང་བ་ཁག་ཡུལ་དེའི་དྲག་པོའི་དབང་འཛིན་པ་ཚོས་ཁྲག་དྲི་དྲོ་བའི་དྲག་གནོན་་བྱས་ཡོད་པ་རེད།
ལྕམ་ཨང་སང་སུ་ཅི་འདས་པའི་ལོ་བཅུ་བདུན་ཙམ་རིང་བཟང་བཙོན་འོག་བསྟུད་མར་བཞུགས་དགོས་ཆགས་པ་དང་ སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་འབར་མའི་ནང་ གནད་དོན་དབྱེ་ཞིབ་པ་ཚོས་དྲང་བདེན་རྩ་བ་ནས་བྱུང་མེད་པར་ངོས་འཛིན་བྱེད་པའི་རྒྱལ་ཡོངས་འོས་བསྡུ་དེ་བྱས་པའི་རྗེས་ཀྱི་གཟའ་འཁོར་གཅིག་རྗེས་གློད་གྲོལ་བཏང་ཡོད་པ་རེད། ཁོང་ནི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་ཞིག་ཀྱང་ཡིན་པ་རེད།