འོད་ཟེར་ལགས་སུ་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་གཟེངས་རྟགས་ཐོབ།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཛམ་གླིང་ནང་གི་ཕུལ་དུ་བྱུང་བའི་བུད་མེད་བཅུ་ལ་ཕྱི་ལོ་༢༠༡༣ལོའི་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་ཀྱི་གཟེངས་རྟགས་ཕུལ་བ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཛམ་གླིང་ནང་གི་ཕུལ་དུ་བྱུང་བའི་བུད་མེད་བཅུ་ལ་ཕྱི་ལོ་༢༠༡༣ལོའི་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་ཀྱི་གཟེངས་རྟགས་ཕུལ་བ། (ཚེ་རིང་འོད་ཟེར། )

0:00 / 0:00

༄༅༎ཕྱི་ཟླ་༣ པའི་ཚེས་༤ རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འདི་ལོ་༢༠༡༣ ལོའི་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་གཟེངས་རྟགས་དེ་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་གཙོས་པའི་རྒྱལ་སྤྱིའི་བུད་མེད་བཅུ་ལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerry ཡིས་གསུང་དོན་ལ། འདི་ལོའི་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་བྱ་དགའ་དེ་བཞིན་ཕྱི་ཟླ་༣ པའི་ཚེས་༨ ཉིན་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་དང་བསྟུན་ནས་ད་བར་འཛམ་གླིང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན། དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་གནང་མཁན། ཕོ་མོ་འདྲ་མཉམ་མེད་པའི་ལམ་ལུགས་ལ་ཁ་གཏད་གདོང་ལེན་བྱེད་མཁན། སྤྱི་ཚོགས་ཞི་བདེ་དང་འཆམ་མཐུན་གོང་འཕེལ་གཏོང་རྒྱུར་བློ་སྟོབས་ཆེན་པོས་ཕྱག་ལས་གནང་མཁན་ཁོངས་སུ་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང། ན་ནིང་ཕྱི་ཟླ་༡༢ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྐྱེས་པ་དྲུག་གིས་བཙན་གཡེམ་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་བུད་མེད་དེ་གཙོས་པའི་ཁྱོན་བཅུ་ལ་བྱ་དགའ་དེ་གནང་རྒྱུ་ཡིན་པའི་སྐོར་གསུང་ཡོད་པ་རེད། བྱ་དགའ་འབུལ་བའི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཨ་རིའི་སྲིད་འཛིན་Obama མཆོག་གི་ལྕམ་མེ་ཤེལ་ཨོ་སྦ་མ་གདན་ཞུ་གནང་ཡོད་པ་དང༌། ད་རེས་ཚེ་རིང་འོད་ཟེར་ལགས་སུ་བྱ་དགའ་དེ་འབུལ་དགོས་དོན་ནི། ཁོང་ནི་དྲ་རྒྱའི་ཐོག་ལ་རྩོམ་བྲིས་བཀོད་སྤེལ་བྱེད་མཁན་ཡིན་པ་མ་ཟད། རྩོམ་བྲིས་ཀྱི་ལམ་ནས་བོད་ཀྱི་དངོས་ཡོད་གནས་སྟངས་གསལ་སྟོན་དང་གོ་རྟོགས་སྤེལ་མཁན་ཞིག་ཡིན་ཞིང༌། དཔེར་ན། ཁོང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཟང་བཙོན་ལྟར་གནས་པའི་སྐབས་སུ་རྒྱ་ནག་གཞུང་གིས་དྲ་རྒྱ་བལྟ་ཀློག་བྱེད་མ་བཅུག་པར་དམ་བསྒྲགས་ཆེན་པོ་བྱས་ཡོད་ནའང་ཁོང་གིས་སྙིང་སྟོབས་ཆེན་པོས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱ་ནག་ནང་དུ་གསལ་སྟོན་གནང་བ་དེ་ཡིས། རྒྱལ་སྤྱིའི་སྲིད་དོན་པ་དང༌། བོད་དོན་ཞིབ་འཇུག་པ་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་མཐུན་འགྱུར་བསྐྲུན་ཡོད་པའི་སྐོར་གསུངས་ཡོད་པ་རེད།།