ཤྲི་ལངྐ་རྒྱལ་ཁབ་ཀྱི་ནང་པ་ཚོས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པར། རྒྱ་ནག་གཞུང་གིས་ཁོ་ཚོ་ལ་གནོན་ཤུགས་སྤྲད་ཡོད་པ།
ཤྲི་ལངྐ་རྒྱལ་ཁབ་ཀྱི་ནང་ཉེ་ལམ་སྤྱི་ཟླ་༧པའི་ཚེས་༦ཉིན་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་འཁྲུངས་སྐར་དེ་University of Kelaniya སློབ་ཆེན་དུ་སྲུང་བརྩི་ཞུས་པར། སློབ་ཆེན་དེ་ཕྱོགས་ཁ་ཤས་ཀྱི་ཐོག་ནས་རྒྱ་ནག་གཞུང་དང་མཉམ་རུབ་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་བཞིན་པར་བརྟེན་ནས། ༸གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་དང་འཁྲུངས་སྐར་སྲུང་བརྩི་བྱེད་པར་མི་ཁ་ཤས་ཀྱིས་འཇིགས་སྣང་བྱེད་ཀྱི་འདུག་ནའང་། ང་ཚོས་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པས། ཁོ་ཚོར་ཡིད་ཆེས་རྙེད་པ་ཞིག་བྱས་པ་ཡིན་ཞེས། གོ་སྒྲིག་གནང་མཁན་གྱི་གྲས་ཤྲི་ལངྐ་དང་བོད་ཀྱི་ནང་པའི་སྤུན་གྲོགས་ཚོགས་པའི་ཚོགས་གཙོ་Dr.Damenda Porageལགས་ནས་འགྲེལ་བརྗོད་གནང་གི་འདུག
དོན་དངོས་ཀྱི་ཆ་ནས་ང་ཚོར་རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་པར་བརྟེན། ཐོག་མའི་ཆར་༸གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་སོགས་ལ་དགག་བྱ་གནང་མཁན་བྱུང་སྟེ། ཁ་ཤས་ཀྱིས་༸གོང་ས་མཆོག་སྐུ་པར་བསྒྲིག་རྒྱུར་འཇིགས་སྣང་བྱེད་ཀྱི་འདུག་ནའང་། ཁོ་ཚོ་ཚང་མ་སིངྒ་ལའི་མི་རིགས་ཡིན་པས་ང་ཚོས་འགྲེལ་བཤད་ཀྱིས་ཁོ་ཚོ་ཡིད་ཆེས་རྙེད་པ་བྱུང་། ཁོ་ཚོར་ཕྱོགས་ཁག་ཅིག་ནས་སློབ་ཆེན་དང་རྒྱ་ནག་གཞུང་མཉམ་རུབ་གནང་གི་ཡོད་པས་སེམས་ཁྲལ་བྱས་པ་རེད་དེ། ང་ཚོས་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་ལས་ཀ་བྱས་ཏེ་འཛམ་གླིང་འདི་ཞི་བདེ་ལྡན་པ་དང་སྔར་ལས་ཡག་པོ་ཞིག་ཡོང་ཐབས་སུ། སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་ཆེད་དམིགས་ཡོད་པའི་སྟབས་ཀྱིས། འགོག་རྐྱེན་གང་གིས་ཀྱང་ང་ཚོར་བར་ཆད་བྱེད་ཐུབ་རྒྱུ་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཕྱི་རྒྱལ་དང་ཤྲི་ལངྐ་རྒྱལ་ཁབ་ཀྱི་མཁས་པ་ཉིས་བརྒྱ་ལྷག་མཉམ་ཞུགས་ཀྱི་འཁྲུངས་སྐར་མཛད་སྒོ་དེར། སྐུ་མགྲོན་གཙོ་བོར་ཤྲི་ལངྐ་རྒྱལ་ཁབ་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་གསོ་རིག་སློབ་ཆེན་གྱི་གཙོ་འཛིན་Dr.Niyangoda Vijithasiri Anunayake Theroལགས་དང་། གསུང་བཤད་གནང་མཁན་གཙོ་བོ་ཝར་ནཱ་མཐོ་སློབ་ཀྱི་སློབ་སྤྱི་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་བཅས་ཡིན་ཅིང་། འཁྲུངས་སྐར་ངོ་སྤྲོད་གསུང་བཤད་པ་རྒྱལ་ས་ཁོ་ལོམ་བྷོའིUniversity of Kelaniyaསློབ་ཆེན་གྱི་པ་ལི་དང་ནང་ཆོས་སྡེ་ཚན་གྱི་དགེ་སློང་Dr.Deniyaye Pannalokaལགས་ནས། ༸གོང་ས་མཆོག་ནི་འཛམ་གླིང་སྤྱི་དང་ནུབ་ཕྱོགས་ཀྱི་ཡུལ་དུ་སྙན་གྲགས་རྒྱས་པའི་ནང་བའི་སློབ་དཔོན་ཁྱད་པར་བ་ཞིག་ཡིན་པ་མ་ཟད། སྔགས་ཀྱི་ཐེག་པ་ཉམས་ལེན་པ་ཚོར་མཚོན་ན་རྒྱལ་བ་རྡོ་རྗེ་འཆང་དངོས་ཡིན་པ་སོགས་ཀྱི་བསྔགས་བརྗོད་དང་འབྲེལ། ཚང་མ་ལ་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད། ཤྲི་ལངྐ་དང་བོད་ནང་པའི་སྤུན་གྲོགས་ཚོགས་པའི་ཚོགས་གཙོ་Damenda Porageདང་གཞོན་སྐྱེས་མཁས་པ་ཚོས་༸གོང་ས་མཆོག་གི་འཁྲུངས་སྐར་གོ་སྒྲིག་དང་མཁས་པའི་བགྲོ་གླེང་འདིར་རོགས་ཕན་ཡག་པོ་བསྒྲུབས་པ་དང་། དམིགས་བསལ་ཕྱི་རྒྱལ་སྐུ་མགྲོན་ཚོར་ཉི་མ་འདིར་སྐྱིད་པོ་དང་བྱ་བ་ལམ་འགྲོའི་སྨོན་ལམ་འདེབས་པ་སོགས་གསུང་བཤད་གནང་ཡོད་ཅིང་། འཁྲུངས་སྐར་མཛད་སྒོ་དེར་ཉི་ཧོང་དང་ཝི་ཏི་ནམ། ཐེ་དང་འབར་མ། བལ་པོ་སོགས་ནང་པའི་རྒྱལ་ཁབ་མང་པོ་ནས་མཁས་པ་རྣམས་ཕེབས་ཏེ། ༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་མཛད་འཕྲིན། བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ཐོག་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།