ཏ་མེལ་གྱེན་ལོག་པ་ལྐོག་བསད་བཏང་ལུཌ་ཀྱི་སྐྱོན་འཛུཌ
ཤྲི་ལང་ཀའི་གཞུང་ལ་མགོ་བཏགས་ཞུ་མཁན་ཏ་མིལ་གྱེན་ལོག་པ་ཚོ་ཡུལ་དེའི་དྲག་པོའི་སྒྲིག་འཛུགས་ཀྱིས་ལྐོག་བསད་བཏང་ཡོད་ལུགས།
-
2011-07-28 -
-
-
༄༅༎ཤྲི་ལང་ཀའི་གཞུང་ལ་མགོ་བཏགས་ཞུ་མཁན་ཏ་མིལ་གྱེན་ལོག་པ་ཚོ་ཤྲི་ལང་ཀའི་དྲག་པོའི་སྒྲིག་འཛུགས་ཀྱི་དམག་སྤྱིའི་བཀོད་ཁྱབ་འོག་ལྐོག་བསད་བཏང་བའི་སྐྱོན་འཛུགས་ཀྱི་གནས་ཚུལ་ཐོན་པ་དེར་དྲག་པོའི་སྒྲིག་འཛུགས་ནས་ངོས་ལེན་ཅི་ནས་མེད་པའི་སྐོར་གསལ་འདོན་བྱས་པའི་གནས་ཚུལ་ཐོན་འདུག་༎
Channel 4 ཞེས་པའི་དབྱིན་ཇིའི་བརྙན་འཕྲིན་ལས་ཁང་གིས་སྔ་ལོ་ཤྲི་ལང་ཀའི་ནང་ཏ་མིལ་གྱེན་ལོག་ཤོག་ཁག་ཚོས་གཞུང་ལ་མགོ་བཏགས་ཞུ་སྐབས་ཤྲི་ལང་ཀའི་བདེ་སྲུང་དྲུང་ཆེ་གོ་ཏ་བ་ཡ་ར་ཇ་པཀ་སེ་ཡིས་མགོ་བཏགས་ཞུ་མཁན་གྱེན་ལོག་པ་རྣམས་ལྐོག་བསད་གཏོང་དགོས་སྐོར་དམག་སྤྱི་ཤ་ལྦེན་རྡར་སིལ་ལྦ་ཞུ་བར་བཀོད་ཁྱབ་བཏང་ཡོད་ལུགས་དང་ གནས་ཚུལ་དེ་ཡང་མིང་འདོན་བྱ་འདོད་མེད་པའི་ཤྲི་ལང་ཀའི་དྲག་པོའི་སྒྲིགས་འཛུགས་ཀྱི་དམག་དཔོན་གཉིས་ནས་ཕྱིར་འདོན་བྱས་པ་རྒྱངས་སྲིང་བྱས་ཡོད་པ་རེད་ ཁ་ས་ཚེས་༢༨ཉིན་ཤྲི་ལང་ཀའི་དྲག་པོའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨུ་བ་ཡ་མེ་རྡེ་ལྦ་ལ་ཡིས་ དབྱིན་ཇིའི་བརྙན་འཕྲིན་ལས་ཁང་གི་སྐྱོན་འཛུགས་དེ་བཞིན་གནས་ཚུལ་ནོར་བ་དང་ ཁུངས་ལྡན་མེད་པའི་གནས་ཚུལ་ཡིན་ཞིང་ སྐྱོན་འཛུགས་དེ་དག་ལ་ཤྲི་ལང་ཀའི་གཞུང་ཕྱོགས་ནས་ངོས་ལེན་ཅི་ནས་མེད་པའི་སྐོར་ལན་འདེབས་བྱས་འདུག མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཤྲི་ལང་ཀའི་གཞུང་ཕྱོགས་ནས་ཏ་མིལ་གྱེན་ལོག་སྒྲིག་འཛུགས་དང་དམག་འཐབ་སྐབས་ཀྱི་དུས་ཚོད་དང་ ལྷག་པར་དུ་དམག་འཐབ་མཇུག་སྒྲིལ་ཉེ་ལ་འཁེལ་བའི་དུས་ཚོད་ནང་ཏ་མིལ་མི་རིགས་ཀྱི་ཞི་བའི་མི་མང་ཁྲི་ཚོ་མང་པོ་དམར་བསད་བཏང་བའི་དོན་རྐྱེན་དང་ དེ་བཞིན་མགོ་བཏགས་ཞུ་མཁན་གྱེན་ལོག་པ་རྣམས་ལྐོག་བསད་བྱས་པ་སོགས་ དམག་འཐབ་ཀྱི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་སྤེལ་བའི་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད་ ཤྲི་ལང་ཀའི་གཞུང་གིས་དམག་འཐབ་ཀྱི་ཁྲིམས་ལུགས་དང་འགལ་བའི་བྱ་སྤེལ་བའི་སྐྱོན་འཛུགས་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་ཆབས་ཅིག་གནད་དོན་དེའི་ཐོག་ཤྲི་ལང་ཀའི་ནང་ རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པའི་རྟོགས་ཞིབ་ལའང་མོས་མཐུན་བྱེད་ཀྱི་མེད་པ་རེད་༎