སྤྱི་འཐུས་ཚོཊ་གཙོས་ཕ་རན་སིར་ཐུཊ་གསོའི་འཚམས་འཕྲིན་གནང་བ།
2015.11.18

བོད་མི་ཡོངས་ཀྱི་ཚབ་བྱས་ནས་དྲག་སྤྱོད་པའི་བྱ་ངན་འདིའི་ནང་ཚེ་སྲོག་ཤོར་མི་རྣམས་ཀྱི་ནང་མི་སྤུན་ཉེ་རྣམས་ལ་ཐུགས་གསོ་ཞུས་འདུག
དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། འདི་ཟླའི་ཚེས་༡༣ཉིན་ཕ་རན་སིའི་རྒྱལ་སར་དྲག་པོའི་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་ཚབས་ཆེ་བཏང་བར་ཕ་རན་སིའི་སྲིད་འཛིན་Hollandeམཆོག་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་འདུག
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སིའི་སྲིད་འཛིན་Francois Hollandeམཆོག་ལ་ཕུལ་བའི་ཐུགས་གསོའི་འཚམས་འཕྲིན་དེའི་ནང་། ད་རེས་ཕ་རན་སིའི་རྒྱལ་ས་པེ་རེས་ནང་དྲག་པོའི་འཇིགས་སྐུལ་རིང་ལུགས་པས་ཀླ་ཀློའི་བྱ་སྤྱོད་ཚབས་ཆེ་སྤེལ་བའི་རྐྱེན་གྱིས་ཉེས་མེད་མི་མང་བརྒྱ་ཕྲག་བརྒལ་བའི་ཚེ་སྲོག་ཤོར་བར་ཐུགས་ཕམ་ཆེན་པོ་བྱུང་སྐོར་དང་། བྱ་ངན་དེར་སྐྱོན་བརྗོད་དྲག་པོ་གནང་གི་ཡོད་ཅེས་དང་ཚོགས་གཙོ་མཆོག་ནས་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རྒྱ་ཆེའི་མི་མང་རྣམས་ཀྱིས་སྐུ་ཚབ་གནང་སྟེ་ད་རེས་ཀྱི་དྲག་སྤྱོད་པའི་བྱ་ངན་འདིའི་ནང་ཚེ་སྲོག་ཤོར་མི་རྣམས་ཀྱི་ནང་མི་སྤུན་ཉེ་རྣམས་ལ་ཐུགས་གསོ་ཞུ་ཡི་ཡོད་ཅེས་འཁོད་འདུག
ཡང་ཚོགས་གཙོ་མཆོག་ནས། ང་ཚོ་བོད་མི་རྣམས་ཀྱིས་འཛམ་གླིང་ནང་གི་མི་མཐུན་པའི་རྩོད་རྙོག་ཡོངས་རྫོགས་གྲོས་མོལ་དང་འཚེ་མེད་ཞི་བའི་ལམ་ནས་སེལ་བའི་ཐབས་ལམ་ལ་ཡིད་ཆེས་ཞུ་གིན་ཡོད་ཅེས་དང་། ད་དུང་ཁོང་ནས་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་གྲོས་མོལ་གྱི་དུས་རབས་གཅིག་ལ་འགྱུར་དགོས་པའི་བཀའ་སློབ་སྩལ་གནང་མཛད་ཀྱི་ཡོད་པ་ལྟར། བོད་མི་རྣམས་ཀྱིས་མ་འོངས་པར་རྒྱལ་ས་པེ་རེས་ནང་བྱུང་བའི་དྲག་པོའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ངན་པ་དེ་རིགས་འཛམ་གླིང་གི་ས་གནས་གང་དུ་ཡང་མི་ཡོང་བའི་ཐུགས་རེ་དང་སྨོན་ལམ་སྐྱོན་གྱི་ཡོད་སྐོར་གསུངས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།