ཚོཊ་གཙོ་མཆོག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་འཚམས་འདྲི་ཞུས་གནང་བ།
2016.04.28

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་ལས་ཐོག་བློ་བཟང་སེངྒེ་མཆོག་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་ཁ་ས་ཕྱི་ཟླ་བཞི་པའི་ཚེས་༢༧་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པའི་ནང་། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་མང་མོས་རྒྱལ་ཁ་ཐོབ་པར་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་དེ་རིང་བློ་བཟང་སེང་གེ་ལགས་སུ་སླར་ཡང་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག
དེ་རིང་སྔ་ཐོག་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་ལས་ཁུངས་སུ་ཆེད་ཕེབས་ཀྱིས་འཚམས་འདྲི་གནང་བ་དང་སྦྲགས་ཁོང་ནས་འདས་པའི་འོས་བསྡུའི་བརྒྱུད་རིམ་དང་། མ་འོངས་པར་ལས་དོན་གནང་ཕྱོགས་ཀྱི་ཐོག་བཀའ་མོལ་ཞུས་ཡོད་འདུག། དེ་ཡང་ཁོང་གིས་སྤྱིར་བཏང་གི་འོས་བསྡུའི་བརྒྱུད་རིམ་འདིའི་ཐོག་ནས་ལབ་གླེང་མང་པོ་ཞིག་བྱུང་བ་རེད། འོས་མི་ལངས་མཁན་དང་རྒྱབ་སྐྱོར་བྱེད་མཁན་ནང་ཡིན་ནའང་རེད། སྤྱི་ཚོགས་དྲ་རྒྱའི་ནང་སྐད་ཆ་མང་པོ་བྱུང་ནས་སྤྱི་ནོར་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་ཆིག་སྒྲིལ་གྱི་ནུས་པ་གོང་བུ་བསྒྲིལ་རྒྱུའི་སླད་སྐུ་ལས་སྐྱོན་གནང་བ་འདི་བཞིན་འོས་བསྡུའི་ལས་རིམ་འདིའི་ནང་ཆོལ་ཁ་དང་། ལུང་ཚན་གྱི་འཐེན་འཁྱེར་གྱི་རྣམ་པ་ཤུགས་ཆེན་པོ་བྱུང་བར་བརྟེན། ༧རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་བློ་མ་བབ་པ་དང་། ད་བར་སྐུ་ལས་སྐྱོན་པ་དེ་དག་མ་འོངས་པར་གང་འདྲ་ཆགས་ཡོང་དགོངས་པའི་ཐུགས་འཚབ་བྱུང་བ་འདི་ང་ཚོས་བཅོས་ཐབས་བྱེད་དགོས་ལ་ང་རང་སྲིད་སྐྱོང་འོས་མི་ཞིག་ཡིན་པའི་ཆ་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ལ་མ་བབ་པ་དང་། ང་ཚོས་ལས་དོན་བྱེད་ཕྱོགས་ཐོག་ནས་སྤྱི་ནོར་༧་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་འཚབ་བྱུང་བ་བཅས་ལ་སྙིང་ཁོངས་རུས་པའི་གཏིང་ནས་དགོངས་གསོལ་ཞུ་རྒྱུ་དང་། སླད་ཕྱིན་འདི་རིགས་རྩ་བ་ཉིད་ནས་མི་ཡོང་རྒྱུ། ལྷག་པར་སོ་སོ་རང་ཉིད་ངོས་ནས་ཀྱང་དམ་བཅའ་བཞག་རྒྱུ་དང་། སོ་སོར་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ནའང་། སོ་སོས་ལྟ་སྟངས་ལྟར་ན། དངོས་གནས་ལྷག་བསམ་རྣམ་དག་གིས་ང་རང་གིས་བསམ་ཡུལ་ལས་འདས་པའི་རྒྱབ་སྐྱོར་བྱས་པ་དང་། གཞི་མེད་སྐྱོན་བརྗོད་ལ་སོགས་པའི་སྒྲོ་འདོགས་བྱེད་རྒྱུ་དེ་འདྲ་བྱུང་མ་སོང་བསམས་པ་དེ་འདྲ་བྱུང་། འོན་ཀྱང་ང་ཚོ་མ་ཤེས་རྨོངས་པའི་འོག་ནས་གནས་ཚུལ་དེ་འདྲ་བྱུང་བ་ཡོད་ན། དེ་དག་ལ་ལྷག་བསམ་རྣམ་དག་ཐོག་ནས་བཟོད་གསོལ་ཞུ་གི་ཡོད། དེ་རིང་ནས་བཟུང་སྟེ་ང་ཚོས་དེ་སྔའི་གནས་ཚུལ་གང་ཡིན་པ་ཡིན་ནའང་དེ་དག་ཕར་བཞག་ནས་སྤྱི་ནོར་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་གཞིར་བཟུང་བྱས་ནས་ལེའུ་གསར་པ་ཞིག་འཛུགས་དགོས་པའི་གནས་སྟངས་ཆགས་ཡོད། རང་ངོས་ནས་ཡིན་ནའང་རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར་མི་ཚེ་ལྷག་མ་བོད་སྤྱི་པའི་རྩ་དོན་ཆེད་གོ་གནས་ཡོད་མིན་མ་ལྟོས་པར་ལས་ཀ་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ལ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་བསྒྲུབ་རྒྱུར་དབུ་འོག་དཔུང་འདེགས་གང་འདྲ་ཞིག་ཞུ་དགོས་ནའང་ཞུ་རྩིས་ཡོད་ཅེས་གསུངས་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་ཀྱིས་ས་གནས་བཏང་བའི་གནས་ཚུལ་ལ་གསན་རོགས།