བོད་མིའི་ཁྲོམ་སར་མེ་སྐྱོན་བྱུང་བར་གཟིགས་ཞིབ་དང་འབོད་སྐུལ།
2016.11.11
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ལྡི་ལི་ལཱ་ལི་ཀེ་ལ་བོད་མིའི་ཁྲོམ་སར་མེ་སྐྱོན་བྱུང་བར་རོགས་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཕྱི་ཚེས་༨་གི་ཐོ་རངས་ཆུ་ཚོད་༡་ཙམ་ལ་ལྡི་ལི་ལཱ་ལི་ཀེ་ལ་བོད་མི་སུད་ཚོང་བའི་ཁྲོམ་ས་ཡོངས་ལ་གློག་གི་ཐོག་ནས་མེ་སྐྱོན་ཆེན་པོ་བྱུང་བའི་དབང་གིས་གྱོང་གུན་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་ཐོས་མ་ཐག བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཐག་བཅད་གནང་བ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ཚེས་༡༠་ཉིན་མེ་སྐྱོན་བྱུང་སའི་བོད་པའི་ཁྲོམ་སར་དངོས་སུ་ཕེབས་ཏེ་མི་མང་རྣམས་ཐུགས་འཕྲད་ཀྱིས་ཐུགས་གསོ་དང་སྦྲགས དེར་ཡོད་ཚོང་པ་ཚོའི་གནས་སྐབས་རིང་ཀྱི་དཀའ་ངལ་སེལ་ཆེད་སྤྱི་འཐུས་ཚོགས་གཙོ་མཆོག་གི་ངལ་སེལ་ཐེབས་རྩ་ནས་ཧིན་སྒོར་ཁྲི་བདུན་གནང་ཡོད་པ་དང་། ཁྲོམ་སའི་བདག་པོ་རྣམས་ལ་ཐུགས་གསོ་གནང་སྐབས། འབྱུང་བཞིའི་གནོད་པ་རྣམས་ལ་བྱ་ཐབས་མེད་པས་དཀའ་ངལ་འདི་ལྟ་བུ་ཡོང་སྲིད་ཀྱི་རེད། ང་ཚོར་དཀའ་ངལ་འདི་ལྟ་བུ་འཕྲད་དུས་སེམས་འཁྲལ་མི་གནང་བའི་ཐོག་ནས་འབྲེལ་ཡོད་ཚང་མས་གདོང་ལེན་གནང་སྟེ་གང་མགྱོགས་ཁྲོམ་ས་གསར་བསྐྲུན་གནང་ཐུབ་པར་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་དང་། གཞན་ཡང་ཚོགས་གཙོ་མཆོག་གིས་རྒྱ་གར་གནས་བཞུགས་བོད་མི་རྣམས་ཀྱི་སུད་ཚོང་རྒྱག་པའི་སྐབས་ཡུལ་མི་རྣམས་དང་མཐུན་ལམ་དང་། དེ་བཞིན་ཁྲོམ་སར་སྲུང་སྐྱོབ་གང་ལེགས་གནང་དགོས་ཀྱི་རེད། འདི་ལྟ་བུའི་མེ་སྐྱོན་ཡང་ཡང་བྱུང་བ་ཡིན་ན་གཅིག་ནས་སྒེར་སོ་སོ་ལ་གྱོང་གུན་ཆེན་པོ་ཕོག་རྒྱུ་བརྗོད་མི་དགོས་པར་གཉིས་ནས་སྤྱི་ཚོགས་ལའང་བརྡབ་སིག་ཡོང་གི་ཡོད་དུས་ཁྲོམ་སར་སྲུང་སྐྱོབ་དགོས་པ་གལ་ཆེན་པོ་ཡིན་པ་བཅས་ཀྱི་ལམ་སྟོན་གནང་བ་དང་ཆབས་ཅིག་གནས་ཡུལ་དབུས་སའི་གཞུང་ལ་ཞུ་སྐུལ་གནང་ཐབས་དགོས་བ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། ཕྱི་རྒྱལ་བཞུགས་པའི་བོད་མི་རྣམས། རྒྱ་གར་གནས་བཞུགས་བོད་མི་ཡོངས་ནས་རྒྱ་མཚོ་ཆུ་ཐིགས་ཟེར་བའི་དཔེ་ལྟར་ཞལ་འདེབས་གང་ཐུབ་གནང་རོགས་ཞེས་འབོད་སྐུལ་ཡང་གནང་འདུག
སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་དང་། ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ། ལྡི་ལི་ས་གནས་འགོ་འཛིན་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག སུད་ཚོང་ཚོགས་པའི་རྒྱུན་ལས་ཁག་ཅིག་བསམ་ཡས་གླིང་གི་བརྒྱ་དཔོན་བཅས་ཚོགས་གཙོ་མཆོག་དང་ལྷན་དུ་མེ་སྐྱོན་བྱུང་ཡུལ་ལ་བཅར་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།