ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་ཉིན་ཆེད་ཕེབས་གནང་རྒྱུ།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྤྱི་ཟླ་༦པའི་ཚེས་༢༢ དང་ ༢༣ ཉིན་གཉིས་རིང་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་དབུ་འཛུགས་གནང་གཏན་འཁེལ་འདུག
དེ་ཡང་ཕྱི་ཚེས་༡༧ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ལ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་སྐབས། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུའི་དབུ་འབྱེད་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་གཏན་འཁེལ་བ་གསུངས་ཤིང་། འོན་ཀྱང་ཨ་རིའི་འཛིན་སྐྱོང་གི་དཔོན་རིགས་སུ་ཕེབས་མིན་ད་ལྟ་གསལ་ཁ་མེད་པ་འགྲེལ་བརྗོད་གནང་བྱུང་།
དེ་སྔོན༡༩༩༧ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གསུམ་པ་དེ་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་སྐབས། སྐབས་དེ་དུས་ཀྱི་ཨ་རིའི་སྲིད་འཛིན་སྦིལ་ཀིལན་ཊན་མཆོག་གིས་གསུང་འཕྲིན་ཞིག་གནང་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོར་བཅར་འདྲིའི་སྐབས། ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས། རྒྱལ་ཁབ་སོ་སོའི་གྲོས་ཚོགས་ཀྱི་ནང་ཁྲིམས་འཆར་གྲོས་ཆོད་གཏན་འབེབས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་སྲིད་བྱུས་བཟོ་བཞིན་པར་བརྟེན། གྲོས་ཚོགས་གྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་བོད་ཀྱི་རྩ་དོན་ལ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས་ཤིང་། ཡུལ་གྲུ་སོ་སོའི་གྲོས་ཚོགས་ཀྱི་ཐོག་ནས་བོད་དོན་ཐོག་བཞེངས་ཕྱོགས་བཟང་པོ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་དེ་གནད་འགག་རང་བཞིན་ཅན་ཞིག་ཆགས་ཀྱི་རེད་ཅེས་གསུངས་བྱུང་།
ཐེངས་འདིའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་དོན་དང་འབྲེལ་བའི་ཚོགས་འདུ་འདིའི་སྐབས། ཨ་རིའི་གཞུང་གིས་བོད་ཀྱི་ཐོག་ཁྲིམས་འཆར་གཏན་འབེབས་གནང་པ་ལྟར། འབྲེལ་ཡོད་རྒྱལ་ཁབ་གཞན་གྱི་ནང་དུ་ཡང་ཁྲིམས་དང་སྒྲིག་གཞིར་དཔག་པའི་ཁྲིམས་འཆར་ངོ་སྤྲོད་ཐུབ་པའི་ཐབས་འཚོལ་ཐབས་ཐད་བཀའ་བསྡུར་གནང་རྒྱུ་དང་། ཡང་ཕན་ཚུན་བསམ་ཚུལ་དང་ཉམས་མྱོང་བརྗེ་ལེན་སོགས་གནང་རྒྱུ་ཡིན་འདུག
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་༡༩༩༤ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་རྗེས་།དེ་ནས་རིམ་པའི་ཡོ་རོབ་ལུང་པ་ལི་ཐུ་ཝེ་ནི་ཡ་དང་Lithuaniaདང་ཨ་མི་རི་ཀ། སཀོཌ་ལེནཌ། ཨི་ཊ་ལི། ཁེ་ན་ཌ། ཡང་ ༢༠༡༩ བཅུ་དགུ་ལོར་ཡོ་རོབ་སྦལ་ཊིཀ་ཡུལ་གྲུ་ལཏ་ཝི་ཡའི་ནང་བསྐོང་ཚོགས་གནང་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།