རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་བརྒྱབ་ཏེ་མི་༦༠༠ཙམ་འདས་བ།
2014.08.06
2014-08-06 རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་ཁྲོད་ཚེ་སྲོག་ཤོར་བའི་མི་གྲངས་༦༠༠ཙམ་ཟིན་པ་དང་། ཤི་རྨས་གྲངས་འབོར་ད་དུང་མུ་མཐུད་དུ་འཕར་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་དམངས་སྲིད་ལས་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་པའི་ནང་། རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ལུའུ་ཅུན་ས་གནས་སུ་ས་ཡོམ་རྒྱབ་ནས་དེ་རིང་བར་མི་གྲངས་དྲུག་བརྒྱ་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། རྨས་སྐྱོན་ཕོག་མི་༢༤༡༠་དེའི་ནང་ནས་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་ཅིང་། དེ་མིན་མི་གྲངས་འབུམ་གཉིས་དང་ཁྲི་གསུམ་ལྷག་ཙམ་ཉེན་གཡོལ་བྱ་དགོས་བྱུང་ཡོད་པ་དང་། ཁང་པ་ཁྲི་བརྒྱད་ལྷག་ལ་ཆེ་ཆུང་འདྲ་མིན་གྱི་གཏོར་བཤིག་ཕོག་ཡོད་པ་རེད་། རྒྱ་ནག་དམངས་སྲིད་ལས་ཁང་གི་དྲ་རྒྱའི་ཐོག་བཀོད་སྤེལ་བྱས་པའི་གནས་ཚུལ་དེའི་ནང་། གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ས་ཡོམ་གྱི་གནོད་འཚེའི་འོག་མི་གྲངས་༤༡༠རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ཕྱིར་བསྒྲགས་བྱས་ནས་ཉིན་གཅིག་ནང་ཚུད་ལ་འདས་གྲོངས་སུ་ཕྱིན་པའི་མིའི་གྲངས་འབོར་འཕོན་ཆེ་རུ་ཕྱིན་པའི་རྒྱུ་རྐྱེན་སོགས་ཁ་གསལ་འགྲེལ་བརྗོད་བྱས་མེད་པ་རེད། གྲོང་ཁྱེར་ནང་ཕྲལ་སེལ་གྱི་གུར་༡༥༠ལྷག་ཙམ་རྒྱབ་ནས་ས་ཡོམ་གྱི་གནོད་འཚེ་ཕོག་མི་ཚོ་གནས་སྡོད་བྱེད་བཞིན་པ་དང་། དེའི་ནང་རང་ཉིད་ཀྱི་ཕྲུ་གུ་ས་ཡོམ་གྱི་གནོད་འཚེའི་ནང་ཚེ་སྲོག་ཤོར་བའི་སྐྱེས་མ་ཚོས་མ་འོངས་ཕྲུ་གུ་མེད་པའི་ཁྱིམ་ཚང་ཞིག་གང་འདྲ་བྱས་ནས་སྐྲུན་ཐབས་སྐོར་ཕན་ཚུན་སྐད་ཆ་ཤོད་རེས་ཀྱིས་ས་ཡོམ་གྱི་གནོད་འཚེ་དེའི་འོག་ཕྲུ་གུ་དང་ནང་མི་ཚེ་སྲོག་ཤོར་བར་སེམས་སྡུག་ཆེན་པོ་བྱེད་བཞིན་ཡོད་པ་རེད། ས་ཡོམ་གྱི་གནོད་འཚེ་ཕོག་ཆེ་ཤོས་Longtoushan ས་གནས་ནང་སློབ་ཕྲུག་གི་ཉལ་ཁང་ཡོངས་རྫོགས་ས་བརྡིབས་འོག་ཚུད་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་འཁོད་པའི་ནང་། ས་གནས་ནང་ཚད་ལྡན་གྱི་རོགས་སྐྱོར་བ་མི་གྲངས་ཁྲི་གཅིག་དང་བརྒྱད་སྟོང་ཙམ་གྱིས་སྲོག་སྐྱོབ་ཀྱི་ལས་དོན་མུ་མཐུད་སྤེལ་བཞིན་ཡིན་ལུགས་དང་། ས་ཡོམ་གྱི་འགུལ་ཤུགས་མུ་མཐུད་བརྒྱབ་པའི་འོག་ས་རུད་ཐེབས་ནས་ ལམ་ཁ་འགག་པའི་གནས་སྟངས་ཧ་ཅང་ཚབས་ཆེ་ཡོད་པར་བརྟེན་གཞུང་ཕྱོགས་ནས་དང་བླངས་རོགས་སྐྱོར་བྱེད་མཁན་ཚོ་ས་གནས་ནང་ཕྱིར་ཐོན་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད།
གསར་འགོད་པ་འཆི་མེད།
2014-08-05
རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་ཁྲོད་དུ་ཤི་རྨས་སུ་སོང་བའི་མིའི་གྲངས་འབོར་ད་དུང་མུ་མཐུད་དུ་འཕར་བཞིན་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། འདི་ཚེས་༣ཉིན་རྒྱ་ནག་གི་ལྷོ་ནུབ་ཡུན་ནན་ཞིང་ཆེན་ནང་ས་ཡོམ་གྱི་རྐྱེན་ངན་ཆེན་པོ་ཞིག་བྱུང་བའི་ནང་ཤི་རྨས་སུ་སོང་བའི་མིའི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་ཡོད་པ་དང་། ད་བར་མི་གྲངས་༤༡༠ཙམ་རྐྱེན་འདས་སུ་སོང་བ་དང་། མི་༡༩༠༠་ལྷག་ལ་རྨས་སྐྱོན་ཕོག་པ། དུད་ཁྱིམ་འབུམ་གཅིག་ཙམ་ཐོར་བཤིག་ཕྱིན་པ། མི་ས་ཡ་གཅིག་ལྷག་ཙམ་ལ་བགེགས་བར་ཕོག་ཡོད་པ་རེད་འདུག ཚེས༥ཉིན་BBCཡིས་གནས་ཚུལ་སྤེལ་དོན། ལུའུ་ཏིའི་རྫོང་ཁུལ་དུ་དྲག་ཆར་མུ་མཐུད་འབབ་པའི་རྐྱེན་གྱིས་ཧུད་ཙི་རྫོང་ནང་ཡོད་པའི་ཉུའུ་ལན་གཙང་པོ་རྒྱས་པ་དང་། ས་ཡོམ་གྱིས་ཆུ་འགྲོ་འགག་པ་སོགས་ཀྱིས་ཆུ་རགས་ལོག་ཉེན་ལ་ཐུག་ཏེ་དེ་ཁུལ་གྱི་གྲོང་ཚོ་༨༠༠་ཙམ་གྱི་ཡུལ་མིའི་ཚེ་སྲོག་རྒྱུ་ནོར་ལ་འཇིགས་སྣང་བཟོ་གཞི་ཆཊ་ཡོད་པ་དང་། གལ་སྲིད་ཉེན་འཚབ་བྱུང་བ་ཡིན་ན། གཤམ་འོག་གི་གློག་འདོན་བབས་ཚུགས་བདུན་ལ་ཉེན་ཁ་འཕྲད་དེ་ཧུད་ཙི་རྫོང་ཁུལ་ལ་གློག་ཆད་རྒྱུ་དང་གཤམ་འོག་གི་འཕྲིན་གཏོང་བབས་ཚུགས་༦༤༡་ཡོད་པ་ལ་ཤུགས་རྐྱེན་ཡོང་རྒྱུ་ཡིན་པ་འཁོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
2014-08-04
རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་ཁྲོད་དུ་ཤི་རྨས་སུ་སོང་བའི་མིའི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། འདི་ཚེས་༣ ཉིན་རྒྱ་ནག་གི་ལྷོ་ནུབ་ཡུན་ནན་ཞིང་ཆེན་ནང་ས་ཡོམ་གྱི་རྐྱེན་ངན་ཆེན་པོ་ཞིག་བྱུང་བའི་ནང༌། ད་བར་ཉུང་མཐར་མི་གྲངས་༣༩༨ ཤི་སྐྱོན་བྱུང་བ་དང་། ཤི་རྨས་སུ་སོང་བའི་མིའི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་དོན། ད་ལམ་ཤུགས་ཚད་༦དང་གྲངས་ཆུང་༡ཅན་གྱི་ས་ཡོམ་གྱི་རྐྱེན་ངན་ཤུགས་ཆེ་ཤོས་ཕོག་ས་དེ་དག་ནི། རྒྱ་ནག་ལྷོ་ནུབ་ཡུན་ནན་ཞིང་ཆེན་ནང་ཡོད་པའི་Longtoushanདང༌། Ludianཞེས་པའི་རི་རྒྱུད་ས་ཁུལ་གཉིས་ཡིན་པ་དང༌། ས་གནས་དེ་གཉིས་ནང་ས་ཡོམ་གྱི་རྐྱེན་པས་མང་ཚོགས་ཀྱི་སྡོད་ཁྱིམ་ཉིལ་ཏེ་ད་བར་ཉུང་མཐར་མི་གྲངས་༣༩༨འདས་གྲོངས་དང་། མི་༡༨༠༡ལ་རྨས་སྐྱོན། མི་གསུམ་གར་སོང་ཆ་མེད་དུ་གྱུར་བ། སྡོད་ཁང་བདུན་ཁྲི་དགུ་སྟོང་བརྒྱད་བརྒྱ་ལྷག་འཐོར་བཤིག་ཏུ་སོང་བ། མི་དམངས་ཁྲི་ཚོ་ཉེར་གཉིས་དང་དགུ་སྟོང་བདུན་བརྒྱ་གནས་སྤོར་གྱིས་སྡོད་གནས་བཀོད་སྒྲིག་བྱེད་དགོས་བྱུང་བ་བཅས་ཁྱོན་བསྡོམས་ས་ཡོམ་དེས་མི་གྲངས་ས་ཡ་གཅིག་དང་བརྒྱད་ཁྲི་བརྒྱད་སྟོང་བཞི་བརྒྱ་ལྷག་ལ་གནོད་སྐྱོན་བཟོས་ཡོད་པ་རེད།
གནས་ཚུལ་ལྟར་ན། ས་ཡོམ་གྱི་རྐྱེན་ངན་བྱུང་སའི་ས་ཁུལ་ཁག་ཏུ་མང་ཚོགས་ཀྱི་སྡོད་ཁང་མང་པོ་མེད་པ་གྱུར་ཡོད་པའི་ཁར། ཡང་ས་ཡོམ་གྱི་རྐྱེན་པས་འཐུང་ཆུ་འདྲེན་སའི་ལྕགས་མདོང་གས་པ་དང༌། གློག་གི་ཏར་རྐུད་ཆད་པ། དེ་བཞིན་ཆར་པ་ཤུགས་ཆེན་པོ་བབ་པ་སོགས་ཀྱིས་རྐྱེན་པས། ས་གནས་མང་ཚོགས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། ཡང་གཞུང་ལམ་འགག་ནས་གཞུང་གིས་གོ་སྒྲིག་བྱས་པའི་ཉེན་སྐྱོབ་རུ་ཁག་ཀྱང་ས་གནས་སུ་ལས་སླ་པོའི་ཐོག་བསྐྱོད་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་ཡོད་འདུག
རྒྱ་ནག་གཞུང་ཕྱོགས་ནས་ཐེངས་འདིའི་ས་ཡོམ་གྱི་འགུལ་ཚད་ནི་དྲུག་དང་གྲངས་ཆུང་ལྔ་ཟེར་གྱིན་ཡོད་ནའང་། ཨ་རིིའི་ས་གཤིས་རྟོག་དཔྱོད་ཁང་གིས་ས་ཡོམ་གྱི་འགུལ་ཚུད་དྲུག་དང་གྲངས་ཆུང་གཅིག་ཡིན་པའི་སྐོར་གསལ་འདོན་བྱས་ཡོད་འདུག འབྲེལ་ཡོད་གནས་ཚུལ་དཔྱད་བརྗོད་པས། རྒྱ་ནག་གཞུང་ཕྱོགས་ནས་ནམ་རྒྱུན་ས་ཡོམ་གྱི་འགུལ་ཚད་མཐོ་རུ་གཏོང་བ་དང་མིའི་ཤི་གྲངས་དམའ་རུ་གཏོང་བའི་མི་མངོན་པའི་སྲིད་ཇུས་ཤིག་གིས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྟངས་འཛིན་བྱེད་བཞིན་ཡོིད་པར་བརྟེན། དོན་དངོས་ཀྱི་མིའི་ཤི་གྲངས་དང་གནོད་སྐྱོན་གྱི་ཐེབས་ཚུལ་རྒྱ་ནག་གཞུང་ཕྱོགས་ཀྱིས་སྤྱི་བསྒྲགས་བྱས་པ་ལས་མང་བར་ཚོད་དཔག་བྱེད་བཞིན་ཡོད།
ཐེངས་འདིར་རྒྱ་ནག་ལ་ས་ཡོམ་གྱི་གནོད་སྐྱོན་ཚབ་ཆེན་ཐེབས་པའི་སྐབས་སུ། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས། ཐེངས་འདིར་ཤི་རྨས་ཐེབས་པའི་རྒྱ་ནག་གི་ཁྱིམ་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས། དུས་ལྟར་གནོད་འཚེ་ཐེབས་ཡུལ་དུ་རོགས་སྐྱོར་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད་པའི་སྐོར་བཤད་ཡོིད་འདུག
གསར་འགོད་པ་ངག་ཆོས་དང་ཀེ་ཐོ།