༄༅༎རྒྱ་ནག་གི་ནང་པའི་སྐུ་ཚབ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེར་ལྷོ་ཀུ་རི་ཡའི་ནང་པའི་ཆོས་ཚོགས་ཀྱིས་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་དེ་་རིང་གནས་ཚུལ་སྤེལ་བ་ལྟར་ན། ཇོ་གྱེ་(The Jogye Order)ཞེས་པའི་ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཀྱིས་དེ་རིང་རེས་གཟའ་ཕུར་བུའི་ཉིན་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གི་ནང་པའི་སྐུ་ཚབ་ཚོས་ཁོ་རང་ཚོའི་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བོད་པའི་སྐུ་ཚབ་ཚོ་ངོས་ལེན་མེད་ལུགས་བཤད་ནས་ཕྱིར་འཐེན་བྱེད་པ་དེ་ནི་ཤིན་ཏུ་བློ་ཕམ་འོས་པ་ཞིག་དང་། ཚོགས་འདུའི་ངོ་བོར་གུས་ཞབས་དང་། བསམ་ཤེས་མ་བྱས་པའི་བྱ་སྤྱོད་ཅིག་རེད། འཛམ་གླིང་ནང་པའི་ལྷན་ཚོགས་འདི་ནི་ཆོས་ཕྱོགས་གཅིག་པུར་ངོས་འཛིན་བྱེད་དགོས་པ་ཞིག་ལས་ཆབ་སྲིད་ཀྱི་དགོས་མཁོ་དང་གནད་འགག་ལ་བརྩིས་པ་ཡིན་ན་མ་འགྲིགས་པ་རེད། དེ་འདྲ་ཡིན་དུས་ད་རེས་རྒྱ་ནག་གི་ནང་པའི་སྐུ་ཚབ་ཚོས་བྱ་སྤྱོད་དེའི་ཐོག་དགོངས་སེལ་ཞུ་དགོས་པ་མ་ཟད་མ་འོངས་པར་གནས་ཚུལ་འདི་རིགས་མི་ཡོང་བའི་ཁས་ལེན་བྱེད་དགོས་ཀྱི་རེད་ཅེས་ནན་པོའི་ཐོག་ནས་སྐྱོན་བརྗོད་བྱས་ཡོད་འདུག ཡང་གོང་ཞུས་སྤྱི་བསྒྲགས་དེའི་ནང་། ཆོས་ཚོགས་དེའི་ངོས་ནས་བོད་མི་ཚོས་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ཆ་ཚང་ཡོད་ཅེས་ཀྱང་གསུངས་ཡོད་པ་རེད། ལྷོ་ཀོ་རི་ཡའི་ནང་བསྐོངས་ཚོགས་གནང་བའི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་ཚོགས་འདུ་འདིའི་ཐོག་རྒྱལ་ཁབ་ ༣༠ ཙམ་ནས་སྐུ་ཚབ་བཞི་བརྒྱ་ཙམ་ཚོགས་བཅར་ཞུས་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་ཏུ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཚོགས་བཅར་ཞུས་ཡོད་པ་དེར་རྒྱ་ནག་གི་ནང་པའི་སྐུ་ཚབ་ཚོས་ངོ་རྒོལ་གྱི་ཚུལ་དུ་ཚོགས་འདུར་བཅར་ཟིན་ཡོད་ནའང་། ཕྱིར་རྒྱ་ནག་ལ་ལོག་པའི་གནས་ཚུལ་བྱུང་ཡོད་པ་རེད།