རྒྱ་ནག་གཞུང་གིས་གནོན་ཤུགས་དང་ངོ་རྒོལ་བྱེད་སྟངས་ལ་སྐྱོན་བརྗོད་བྱས་འདུག
2018.02.12
ལྷོ་ཨ་ཧྥེ་རི་ཀའི་ནང་གི་མཐོ་སློབ་ཞིག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་སྲིད་སྐྱོང་མཆོག་སློབ་མ་ཚོར་གཏམ་བཤད་ཀྱི་གོ་སྐབས་ཕུལ་ཡོད་པ་དང་དེ་བཞིན་ཡུལ་དེའི་གྲོས་ཚོགས་འཐུས་མི་ཞིག་གིས་ཀྱང་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲོད་ཐབས་ཀྱི་བྱེད་སྟངས་དེར་སྐྱོན་བརྗོད་བྱས་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་སྤྱི་ཚེས་༡༢་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་སྤྱི་ཚེས་༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷོ་ཨ་ཧྥེ་རི་ཀའི་གྲོང་ཁྱེར་(Cape Town)་ནང་རྟེན་གཞི་བྱས་པའི་(Stellenbosch)་མཐོ་སློབ་ཞེས་པའི་ཁྲིམས་ལུགས་རིག་པའི་ཚན་པའི་འགན་འཛིན་ནས་མགྲོན་འབོད་ལྟར། སྲིད་སྐྱོང་མཆོག་གིས་ཡུལ་དེའི་གཞི་རྩའི་བཟང་པོའི་རིན་ཐང་སྲུང་སྐྱོབ་དགོས་གལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་དོན་གཉེར་ཅན་གྱི་སློབ་ཕྲུག་ཁག་ཅིག་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཚོགས་ཁང་གི་ཕྱི་རོལ་དུ་རྒྱ་ནག་གཞུང་ཚབ་ཁབ་གིས་གོ་སྒྲིག་འོག་རྒྱ་རིགས་སློབ་ཕྲུག་དང་མཐོ་སློབ་དེའི་ནང་གི་ཁུང་ཙི་བསྟི་གནས་ཁང་གི་སློབ་ཕྲུག། དེ་བཞིན་གླ་རྔན་སྤྲད་པའི་ཡུལ་མི་གཞོན་སྐྱེས་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཙམ་ཞིག་གིས་ལག་ཏུ་རྒྱ་ནག་གཅིག་གི་སྲིད་བྱུས་དང་། ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་ཅེས་སོགས་འཁོད་པའི་འཕྲེད་དར་འཁྱེར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་འཁོད་འདུག
ཐེངས་འདིར་སྲིད་སྐྱོང་མཆོག་ལྷོ་ཨ་ཧྥེ་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཆེས་ཐོག་མ་ཡིན་པ་ལྟར། རྒྱ་གཞུང་གིས་ཡུལ་དེའི་སྲིད་གཞུང་དང་མཐོ་སློབ་ཀྱི་རིགས་བདག་སོགས་བརྒྱུད་མཐོ་སློབ་ཏུ་ལོ་ལྟར་རྒྱ་ནག་གཞུང་གིས་རོགས་དངུལ་སྤྲོད་རྒྱུ་དེ་མཚམས་འཇོག་བྱ་རྒྱུ་མ་ཟད། ཡུལ་དེའི་ནང་རྒྱ་ནག་ཚོང་ལས་མ་རྩ་འཛུགས་རྒྱུ་མིན་པའི་ཉེན་བརྡ་སོགས་བཏང་ནས་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ལས་དོན་སྤེལ་རྒྱུར་འགོག་རྐྱེན་བཟོ་ཐབས་བྱས་ཡོད་འདུག་པ་དང་། དེར་བརྟེན་ཡུལ་དེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་(Sandy Kalyan) མཆོག་གིས་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀ་ཕེབས་པར་ངོ་རྒོལ་བྱས་པ་ནི་ཕྲུ་གུས་རྙོག་དྲ་བཤད་པ་དང་གཅིག་མཚུངས་ཡིན་ཞེས་རྒྱ་ནག་གཞུང་གི་བྱེད་བབ་ལ་སྤྱི་ཚེས་༡༢་ཉིན་སྐྱོན་བརྗོད་བྱས་འདུག
ཡང་ཁོང་གིས་ང་ཚོས་རྒྱ་ནག་གཞུང་གི་གཡོ་བྱུས་འོག་གནོན་ཤུགས་དེ་རིགས་འཁྱེར་ཐུབ་ཐབས་རྩ་བ་མེད་ལ། གལ་ཏེ་རྒྱ་ནག་གཞུང་གིས་ཡུལ་འདིར་ཚོང་འབྲེལ་བྱ་འདོད་མེད་ཚེ་འདིར་སྡོད་དགོས་མེད། ཕར་ལོག་ཕྱིན་ན་འགྲིག་པ་རེད་ཅེས་དང་། ཨ་ཧྥེ་རི་ཀའི་གླེང་ཆེན་གྱི་མངའ་ཁོངས་མིན་པ་ཕྱི་ནས་ང་ཚོར་གནོན་ཤུགས་སྤྲོད་རྒྱུའི་དུས་ཚོད་དེ་སྔ་ནས་རྫོགས་ཟིན་ཞེས་མུ་མཐུད་དུ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་གོང་ཞུས་གནད་དོན་འདི་དང་འབྲེལ་ནས་གསུངས་དོན། ཡ་མཚན་པ་ཞིག་ལ་ངོ་རྒོལ་བྱེད་མཁན་ཚོའི་ལག་ཏུ་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་པའི་སྤྱར་ཡིག་འཁྱེར་འདུག བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཐབས་བྱེད་བཞིན་པ་ལས། རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད། ཡིན་ནའང་ངོ་རྒོལ་བ་རྣམས་ཀྱིས་དངོས་ཡོད་གནས་ཚུལ་གང་ཡིན་གསལ་པོ་མ་རྟོགས་པའམ་ཡང་ན་གནས་ཚུལ་འཁྱོགས་བཤད་བྱས་ནས་ངོ་རྒོལ་ལ་སླེབས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད་ཅེས་གསུངས་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།