ལྷོ་ཨཕ་རི་ཀས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུར་བསམ་ཞིབ།

ལྷོ་ཨཕ་རི་ཀའི་གཞུང་གིས་༧གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་ཆོག་པའི་ཐོངས་མཆན་སྙན་ཞུར་བསམ་ཞིབ་ཞུ་བཞིན་ཡོད་སྐོར།

2011.09.13

༄༅༎ལྷོ་ཨཕ་རི་ཀའི་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་ཆོག་པའི་ཐོངས་མཆན་སྙན་ཞུར་བསམ་ཞིབ་ཞུ་བཞིན་ཡོད་སྐོར་ཁ་ས་གསུངས་བཞག།

ལྷོ་ཨཕ་རི་ཀའི་ཕྱི་སྲིད་བློན་ཆེན་མའེ་ཏེ་ནི་ཀོ་ཨ་ན་མ་ཤ་སྦ་ནེ་ཡིས་ རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ལྷོ་ཨཕ་རི་ཀའི་གཞུང་ཚབ་ཁང་ལ་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་ཐོང་མཆན་སྙན་ཞུ་ལག་གསོན་བྱུང་ཡོད་པ་ལྟར། གཞན་མཐོ་རིམ་མི་སྣའི་ལྦི་ཛ་(Visa)སྙན་ཞུ་འམ་སྤྱིར་བཏང་ལྦི་ཛ་སྤྱི་མཚུངས་ཞིབ་གཤེར་གནང་བཞིན་ཡོད་སྐོར་གསུངས་སྟེ། ད་ལྟའི་ཆར་ཁོང་གིས་༧གོང་ས་མཆོག་གི་ཐོངས་མཆན་ཕྱག་འཁྱེར་སྐོར་དེ་ལས་ལྷག་པ་གསུང་ཡག་མེད་ཅེས་འགྲེལ་བརྗོད་གནང་བཞག།

ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་ཟླ་བ་རྗེས་མ་དགུང་ལོ་༨༠ལ་ཕེབས་པའི་འཁྲུངས་སྐར་རྟེན་འབྲེལ་མཛད་སྒོའི་ཐོག་

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་ཕུལ་ཡོད་པ་རེད། ལྷོ་ཨཕ་རི་ཀས་རྒྱ་ནག་དང་འབྲེལ་བ་ཡག་པོ་གནས་ཐུབ་རྒྱུར་དེ་སྔོན་༧གོང་ས་མཆོག་ལ་ཡུལ་དེའི་ནང་ཕེབས་ཆོག་པའི་ཐོངས་མཆན་ཕུལ་མེད་པ་རེད། བདུན་སྔོན་མ་ཆོས་དཔོན་ཀྲུ་ཀྲུ་མཆོག་གིས་ ༧གོང་ས་མཆོག་གི་སྙན་ཞུར་གཞུང་གིས་ད་རེས་བསྐྱར་དུ་བདག་སྤྲོད་མ་གནང་བ་ཡིན་ན།གཞུང་གིས་སོ་སོའི་རྐང་པར་མེ་མདའ་རྒྱབ་པ་དང་ཅིག་མཚུངས་ཡིན་པའི་དཔེ་སྦྱར་ནས༌། ལྷོ་ཨཕ་རི་ཀ་དེ་བཞིན་དེ་སྔ་དབྱིན་ཇིའི་དབང་འོག་ཚུད་པའི་ཉམ་མྱོང་ཡོད་བཞིན་དུ་དྲག་རྩུབ་

ཆེ་བའི་སྲིད་གཞུང་གི་བཀས་བཀོད་འོག་ད་དུང་ཕྱིན་ནས་སོ་སོའི་རང་དབང་བློས་བཏང་བ་ཡིན་ན་རྒས་པོ་ང་འདྲ་པོ་ཡིད་ཧ་ཅང་སྐྱོ་སོང་ཞེས་ ས་གནས་ཀྱི་གསར་ཤོག་ཅིག་ལ་གསུང་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཨཕ་རི་ཀར་ཆིབས་བསྒྱུར་གནང་ཆོག་པའི་ཐོངས་མཆན་ཕྱག་འཁྱེར་ཕུལ་བ་ཡིན་ན། ཕྱི་ཟླ་༡༠ཚེས་༧ཉིན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐར་རྟེན་འབྲེལ་དང་སྟབས་བསྟུན་ཞི་བདེའི་ལྷན་ཚོགས་ཤིག་གནང་གི་ཡོད་པ་དེའི་དབུ་འབྱེད་གསུང་བཤད་༧གོང་ས་མཆོག་གིས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎