བོད་ནང་ནས་བཟོ་སྐྲུན་བྱས་པའི་གློག་བརྙན་ཞིག་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བྱ་དགའ་གཉིས་ཐོབ་ཡོད་འདུག
དེ་ཡང་དེང་སྐབས་བོད་ནང་དུ་གཞོན་སྐྱེས་མང་བོས་གློག་བརྙན་བཟོ་སྐྲུན་ཧུར་བརྩོན་བྱེད་ཀྱིན་ཡོད་ལྟར། གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་ཁོང་གི་གློག་བརྙན་གཙང་པོ་ཞེས་པ་དེ་བརྒྱུད་ནས་འཁྲབ་སྟོན་མ་དབྱངས་ཅན་ལྷ་མོར་ཨེ་ཤེ་ཡ་གླིང་གི་མི་སྣ་གསར་པ་ཞེས་པའི་གཟེངས་རྟགས་ཐོབ་མྱོང་ཡོད་ལ། ༢༠༡༨་ལོའོ་ཟླ་༦་ཕྱི་ཚེས་ ༢༤ ཉིན་གྱི་དགོང་མོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ ༢༡ པའི་ཐོག་ཅིན་ཅུའེ་བྱ་དགའ་ཐོབ་མཁན་ ༡༠ ལ་བྱ་དགའ་སྤྲོད་པའི་མཛད་སྒོ་ཚོགས་ཡོད་པ་དང་། བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་《ང་ཡི་ཆང་གསོལ་རོགས་》ཞེས་པར་ཆེས་ལེགས་ཤོས་ཀྱི་འཁྲབ་གཞུང་བྱ་དགའ་དང་། དཔྱད་འདེམས་ལྷན་ཚོགས་ཀྱི་བྱ་དགའ་ཐོབ་བཅས་ཐོབ་ཡོད་འདུག
《ང་ཡི་ཆང་གསོལ་རོགས་》ཞེས་པ་ནི་བོད་ཀྱི་གཞས་པ་གཡུང་དྲུང་རྒྱལ་དང་ན་གཞོན་འཁྲབ་སྟོན་པ་ཉི་མ་སྲུང་། སྲས་མཆོག་རྒྱལ་གསུམ་གྱིས་བོད་རྒྱལ་རོང་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་གཙོར་བཟུང་གིས་འཁྲབ་ཡོད་པའི་རྒྱལ་རོང་སྐད་ཀྱི་གློག་བརྙན་ཐོག་མ་དེ་ཡང་ཡིན་འདུག
ཐེངས་འདིའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཐོག་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ཁག་ ༡༠༨ ནས་ཁྱོན་གློག་བརྙན་ ༣༤༤༧ འགྲན་སྡུར་ནང་ཞུགས་ཡོད་པ་དང་། དེའི་ཁྲོད་ནས་གློག་བརྙན་ ༡༣ ཅིན་ཅུའེ་བྱ་དགའ་དཔྱད་འདེམས་ནང་ཚུད་ཡོད་འདུག
བོད་རིགས་ཟོན་ཐར་རྒྱལ་ལགས་ནི་མདོ་སྨད་མཚོ་ལྷོ་ཁུལ་གྱི་འབའ་རྫོང་ས་གནས་ནས་ཡིན་ཞིང་ལོ་བཞིའི་རིང་མཚོ་ལྷོ་མི་རིགས་དགེ་རྒན་འོས་སྦྱོང་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་ཡོད་འདུག མངའ་ཁུལ་དེ་ནས་ཡིན་པའི་གློག་བརྙན་བཟོ་སྐྲུན་མཁན་པད་མ་ཚེ་བརྟན་ལགས་ནས་མིག་དཔེ་ལེན་པའི་འོག་ནས་ཁོང་རང་ཉིད་གློག་བརྙན་བཟོ་རྒྱུའི་ཐད་གདེང་སྤོབས་སྐྱེས་ཡོད་ལུགས་གསུངས་འདུག
གསར་འགོད་པ་ཀེ་ཐོ་དང་། རིག་འཛིན་ཆོས་སྒྲོན།
ཟོན་ཐར་རྒྱལ་ལགས་ཀྱི་གློག་བརྙན་ལ་བྱ་དགའ་གཉིས་ཐོབ་འདུག
