རེབ་གོང་ནས་ས་ཆ་བཙན་འཕྲོག་ལ་ངོ་རྒོལ་གྱིས་འཛིན་བཟུང་བཙོན་མཇུག་བྱས་པའི་བོད་མི་དགུའི་ཁྲོད་ནས་བསོད་ནམས་རྒྱལ་གཙོས་བོད་མི་གསུམ་ཀློད་གྲོལ་བཏང་ཡོད་འདུག

2022.04.19
རེབ་གོང་ནས་ས་ཆ་བཙན་འཕྲོག་ལ་ངོ་རྒོལ་གྱིས་འཛིན་བཟུང་བཙོན་མཇུག་བྱས་པའི་བོད་མི་དགུའི་ཁྲོད་ནས་བསོད་ནམས་རྒྱལ་གཙོས་བོད་མི་གསུམ་ཀློད་གྲོལ་བཏང་ཡོད་འདུག ད་ལྟའི་ཆར་ཀློད་གྲོལ་བཏང་ཡོད་པ་ཁག་ནས་བསོད་ནམས་རྒྱལ་གཅིག་པུ་ལས་གཞན་གཉིས་སུ་ཡིན་ཤེས་རྟོག་ཐུབ་ཀྱི་མེད་པ་།
མཐུན་འགྱུར་པར་རིས།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་༩པའི་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ཧོར་རྒྱ་སྡེ་བ་ནས་དཔུང་བསྡེབས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང་ཚུལ་གྱི་ཉེས་འོག། བོད་མི་དགེ་འདུན་བཟོད་པ་དང། ཆོས་བཟང་། བན་དེ་རྡོ་རྗེ། བཀྲིས་ཚེ་རིང། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་།མཁའ་བྱམས་རྒྱལ། དེ་བཞིན་འབྲུག་འབུམ་ཚེ་རིང་བཅས་བོད་མི་དགུ་འཛིན་བཟུང་གིས་ལོ་གསུམ་ནས་བདུན་བར་གྱི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་བཞིན། འདི་ལོའི་ཕྱི་ཟླ་༡ནང་བོད་མི་དེ་དག་ཁྲོད་ཀྱི་བསོད་ནམས་རྒྱལ་གཙོས་བོད་མི་གསུམ་ཀློད་གྲོལ་བཏང་ཡོད་པ་དང་། གཞན་བཀྲ་ཤིས་ཚེ་རིང་དང་བོད་མི་གསུམ་འདི་ལོའི་ཕྱི་ཟླ་༦ནང་ཀློད་གྲོལ་གཏོང་རྒྱུའི་དུས་ཡུན་ཚང་གི་ཡོད་སྐོར། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བོད་མི་དེ་དག་འཛིན་བཟུང་བཙོན་མཇུག་བྱེད་དོན་གཙོ་བོ་རྒྱ་ནག་གཞུང་གིས་ཧོར་རྒྱ་སྡེ་བའི་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་ཐད་ངོ་རྒོལ་བྱས་རྐྱེན་ཡིན་པ་དང་། གོང་ཞུས་གནས་ཚུལ་མཁོ་སྤྲོད་མཁན་འབྲེལ་ཡོད་བོད་མི་གཅིག་ནས། གཞན་བོད་མི་གསུམ་ལ་འདི་ལོའི་ཕྱི་ཟླ་༡ནང་བསྐྱར་དུ་ཁྲིམས་བཤེར་དགོས་སྐོར་བརྗོད་ནས། དེ་སྔ་བཙོན་ཁང་དུ་ལོ་ག་ཚོད་བསྡད་པའི་དུས་ཡུན་རྩིས་མེད་ཀྱིས་བསྐྱར་དུ་ལོ་༧གྱི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟའི་ཆར་ཀློད་གྲོལ་བཏང་ཡོད་པ་ཁག་ནས་བསོད་ནམས་རྒྱལ་གཅིག་པུ་ལས་གཞན་གཉིས་སུ་ཡིན་ཤེས་རྟོག་ཐུབ་ཀྱི་མེད་པ་དང་། དེ་མིན་བཙོན་མཇུག་དུས་ཡུན་ཚང་ཏེ་འདི་ལོ་ཀློད་གྲོལ་གཏོང་རྒྱུར་ལྷག་ཡོད་པ་ཚོ་ད་ལྟའི་ཆར་དངོས་སུ་ཀློད་གྲོལ་ཡོང་མིན་གསལ་ཁ་གང་ཡང་མེད་པ་ཆགས་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་བོད་མི་དེ་དག་བཙོན་མཇུག་བྱེད་ས་དེ་རེབ་གོང་རྫོང་ཐོག་ནས་ལོ་ཤས་སྔོན་གསར་འཛུགས་བྱས་པའི་བཙོན་ཁང་ཆེན་པོ་ཞིག་ཡོད་པའི་ནང་དུ་བཅུག་ཡོད་པ་དང་། བཙོན་ཁང་དེ་ཧོར་རྒྱ་སྡེ་བ་དང་ཐག་ཉེ་བོ་ཡིན་ན་ཡང་། འདས་པའི་ལོ་ངོ་དེ་དག་རིང་ནང་མི་ཉེ་འབྲེལ་སོགས་ཁོང་ཚོར་ཐུག་འཕྲད་ཆེད་གང་ཡང་བཏང་མེད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་བསོད་ནམས་རྒྱལ་ལགས་སུ་བཙོན་ཁང་དུ་དུས་ཡུན་རིང་པོར་ནད་མནར་བྱུང་ཡོད་ན་ཡང་། ད་ལྟའི་ཆར་ཁོང་ཀློད་གྲོལ་རྗེས་འཕྲོད་བསྟེན་གནས་སྟངས་གསལ་ཁ་མེད་པ་མ་ཟད། ཕ་ཡུལ་གྱི་འབྲེལ་ཡོད་ཚོར་ཁོ་ཚོའི་གནས་སྟངས་འདྲི་སྐབས་གནད་དོན་དེ་གླེང་སློང་མི་ཉན་སྐོར་བརྗོད་ནས་ཚང་མ་སྐྲག་སྣང་སྐྱེས་ཀྱི་ཡོད་པ་དང་། གཞན་བཙོན་ཁང་དུ་ཡོད་པ་ཚོའི་འཕྲོད་བསྟེན་གནས་སྟངས་ག་འདྲ་ཡོད་སོགས་ཤེས་རྟོག་གང་ཡང་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་རེབ་གོང་ནས་བོད་མི་དེ་དག་ནག་སེལ་ངན་འཇོམས་ཟེར་བའི་ལས་འགུལ་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་པ་རེད་ལ། གནད་དོན་གཙོ་བོ་ཧོར་རྒྱ་སྡེ་བའི་ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་ནས་སོ་ཕག་བཟོ་གྲྭ་གསུམ་བཙུགས་ཡོད་པ་དང། ཕྱི་ལོ་༢༠༡༡ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཟོ་གྲྭ་དེ་དག་སྒོ་བརྒྱབ་པ་དང་འབྲེལ། སྲིད་གཞུང་གིས་བཟོ་གྲྭའི་བདག་པོ་རྣམས་ལ་གུན་གསབ་འབོར་ཆེན་སྤྲད་ཡོད་ཀྱང། འདས་པའི་ལོ་མང་རིང་ས་བདག་ས་གནས་མང་ཚོགས་རྣམས་ལ་ས་ཆ་ཕྱིར་སློག་མ་བྱེད་པའི་ཁར་ས་རིན་ཡང་སྤྲད་མེད་སྟབས། བོད་མི་དག་གིས་ས་ཆའི་དབག་དབང་རྩོད་ལེན་བྱས་རྐྱེན་ཡིན་པ་དང་། རྗེས་སུ་རྒྱ་ནག་གཞུང་གིས་བོད་མི་དེ་དག་ལ་སྤྱི་ཚོགས་གཏོར་བརླགས་དང་དཔུང་སྒྲིག་བྱས་སྐོར་གྱི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་ཀྱང་། བོད་མི་དེ་དག་ལ་ས་གནས་མི་མང་གིས་སྔ་གཞུག་ཏུ་རྒྱབ་སྐྱོར་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎