རྒྱ་ནག་ནང་སྐྱོབ་གསོའི་རོགས་དངུལ་ལྐོག་ཟས་བྱས་ཡོད་ལུགས།

རྒྱ་ནག་ནང་ན་ནིང་ས་ཡོམ་ཤིན་ཏུ་ཆེན་པོ་རྒྱབ་རྗེས་སྐྱོབ་གསོའི་རོགས་དངུལ་ཕྲན་བུ་ལྐོག་ཟས་བྱས་པའམ་བེད་སྤྱོད་ལོག་པར་བཏང་བའི་གནས་ཚུལ།

2009.01.03

༄༅༎རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་གིས་ཁ་ས་སྤེལ་བའི་གནས་ཚུལ་ལྟར་ན་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་ཤིན་ཏུ་ཆེན་པོ་རྒྱབ་སྐབས་ཚགས་སྒོ་ཕོག་པའི་རྒྱ་མི་རྣམས་ལ་སྐྱོབ་གསོ་སྤྲོད་རྒྱུའི་རོགས་དངུལ་ཕྲན་བུ་ལྐོག་བཟས་བྱས་པའམ་བེད་སྤྱོད་ལོག་པར་བཏང་བའི་གནས་ཚུལ་ཆུང་ཟར་རིགས་ཐོན་ཡོད་པ་རེད།

ན་ནིང་ལོའི་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ལྷོ་ནུབ་ཞིང་ཆེན་ཟི་ཁྲོན་ཁུལ་ལ་འགུལ་ཚད་ཧ་ཅང་མཐོ་བའི་ས་ཡོམ་རྒྱབ་རྗེས་ཚོགས་སྒོ་ཕོག་པའི་མི་མང་རྣམས་ལ་རྒྱ་ནག་གཞུང་དང་ཕྱིའི་རོགས་ཚོགས་ཁག་གིས་བཏང་བའི་སྐྱོབ་གསོའི་རོགས་དངུལ་དང་རྒྱུ་དངོས་དེ་དག་རུལ་སུངས་ཀྱི་གཞན་དབང་དུ་ཡོང་བའི་རྒྱ་ནག་གི་དཔོན་རིགས་ཚོས་ལྐོག་བཟས་བྱས་པ་དང་ཡང་ན་སྐྱོབ་གསོའི་རོགས་དངུལ་དང་རྒྱུ་དངོས་རིགས་བེད་སྤྱོད་ལོག་པར་བཏང་བ་སོགས་ཚུལ་མིན་གྱི་བྱ་སྤྱོད་ཕྲན་བུ་བརྩམས་ཡོད་ལུགས་རྒྱ་ནག་རྒྱལ་ཡོངས་རྩིས་ཞིབ་ལས་ཁུངས་ཀྱིས་གནས་འཕྲིན་དྲ་རྒྱའི་ཐོག་ལ་སྙན་ཐོ་ཞིག་བཏོན་ཡོད་པ་རེད། དྲ་རྒྱའི་ཐོག་ལ་སྤེལ་བའི་རྒྱ་ནག་རྒྱལ་ཡོངས་རྩིས་ཞིབ་ལས་ཁུངས་ཀྱི་སྙན་ཐོ་དེའི་ནང་དཔེར་ན་ཁྲུང་ཀྲའོ་ཟེར་བའི་གྲོང་ཁྱེར་གཞུང་གི་སྡེ་ཚན་མི་འདྲ་བ་ཁག་གཉིས་ཀྱིས་ཕྱི་ཟླ་ལྔ་པའི་ས་ཡོམ་སྐབས་གྲོང་ཁྱེར་དེའི་ནང་གི་ལམ་ཆེན་ཞིག་ལུག་པའི་སྙན་ཐོ་གཅིག་མཚུངས་བཏོན་ཏེ་གྲོང་ཁྱེར་དེའི་ནང་གི་ས་ཡོམ་གྱི་གྱོང་གུན་ཌོ་ལར་ས་ཡ་བརྒྱ་དང་བརྒྱད་ཅུ་བར་གཉིས་ལྡབ་ཕྱིན་ཡོད་ལུགས་བཅོས་མའི་གྱོང་གུན་བཏོན་ཡོད་པ་དང་དེ་བཞིན་ཕེང་ཀྲའོ་ཟེར་བའི་གྲོང་ཁྱེར་ལས་ཁུངས་ལ་སྐབས་དེར་རྒྱ་མིའི་སྒོར་མོ་ཡོན་ས་ཡ་གསུམ་ཙན་གནད་པའི་ལག་ཁྱེར་ཁ་དཔར་ཞལ་འདེབས་སྤྲོད་མཁན་བྱུང་ཡོད་རུང་གྲོང་ཁྱེར་ལས་ཁུངས་ཀྱིས་ཞལ་འདེབས་དེ་ཚོ་བྱུང་བའི་སྐོར་སྙན་ཐོའི་ནང་ངོས་ལེན་བྱས་མེད་པ་རེད། ཡིན་ནའང་རྒྱ་ནག་རྒྱལ་ཡོངས་རྩིས་ཞིབ་ལས་ཁུངས་ཀྱིས་བཏོན་པའི་སྙན་ཐོ་གཞིར་བཟུང་བྱས་ན་བྱས་ཉེས་འཐུས་བཤོར་དེ་དག་བཟོ་བཅོས་རྒྱབ་ཡོད་པ་དང་རུལ་སུངས་ཅན་རྣམས་ལ་རྒྱ་ནག་གི་དམར་ཤོག་ཚོགས་པ་དང་གཞུང་གཉིས་ཟུང་སྦྲེལ་གྱི་ཐོག་ནས་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་བཀལ་ཡོད་ལུགས་རྒྱ་ནག་རྒྱལ་ཡོངས་རྩིས་ཞིབ་ལས་ཁུངས་ཀྱིས་སྙན་ཐོ་བཏོན་ཡོད་པ་རེད་ཅེས་རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་གིས་གནས་ཚུལ་འགྲེམས་སྤེལ་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎