༄༅༎བཙན་བྱོལ་བོད་མིའི་བཀའ་ཤག་དང་བོད་མི་སྤྱི་འཐུས་གཉིས་ཟུང་འབྲེལ་གྱིས་བཀའ་ཁྱབ་གནང་བ་ལྟར་དབྱིན་ཡུལ་དུ་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་མཚོན་ཆེད་ཉིན་གཅིག་རིང་གི་དམིགས་བསལ་སྨོན་ལམ་ཚོགས་པ་དང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
བོད་ནང་གི་བོད་མི་ཚོའི་ཡ་ང་བའི་གནས་སྟངས་ལ་གདུང་སེམས་ཉམས་བསྐྱེད་ཀྱི་ལས་འགུལ་གཅིག་མཚུངས་ནོར་ལྦེ་དང་ཌེན་མཀ། པོའོ་ལེནདྲ། སུད་ཛ་ལན་ཊེ། ཨ་ཡར་ལེནད། ཨོ་སི་ཀྲོ་ལི་ཡ་སོགས་ཀྱི་ནང་གོ་སྒྲིག་གནང་ཡོད་ཅིང༌། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་དེ་ཉིན་གྱི་ལས་འགུལ་དེའི་ནང༌། ལོན་ཊོན་དུ་ཡོད་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་པ་རྣམ་པ་དང༌། དེར་ཡོད་བོད་རིགས་ཚོགས་པའི་ཚོགས་མི་བཅས་ཀའེ་ལཤ་ཞེས་པའི་ཚོགས་ཁང་དུ་འདུ་འཛོམས་ཀྱིས་དགེ་བཤེས་བཀྲིས་ལགས་ཀྱིས་སྨོན་ལམ་གསུང་སྐུལ་གནང་སྟེ། བོད་ནང་དུ་རང་ལུས་མེ་བསྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་ཚོར་ཞལ་འདོན་སྨོན་ལམ་གནང་ཡོད་པ་མ་ཟད། བོད་མི་འདུ་འཛོམས་དེའི་ཐོག་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱང་ཡོ་རོབ་ཀྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་སྡུག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ནས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ད་བར་བོད་མི་དགུ་ཡིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང༌། རང་དབང་ཅན་གྱི་རྒྱལ་ཁབ་ནང་གནས་པའི་བོད་མི་ཡོད་དོ་བཅོག་ལ་བོད་ནང་གི་ཡ་ང་བའི་གནས་སྟངས་ཛ་དྲག་དེ་བཞིན་རྒྱལ་སྤྱིའི་ནང་གསལ་བཏོན་བྱ་རྒྱུའི་འགན་ཁྲི་ཡོད་པ་རེད་ཅེས་གསུང་ཡོད་པ་རེད། དེ་རྗེས་ཕྱི་དྲོ་དབྱིན་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཚོས་རྒྱལ་ས་ལོན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང༌། ད་དུང་ཡང་བོད་ནང་གི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་མཚོན་ཆེད་དང༌། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་ངོ་རྒོལ་སོགས་ལས་འགུལ་རྣམ་གྲངས་མང་པོ་ཞིག་རིམ་པས་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།།