ཐའེ་ཝན་དོན་གཅོད་ཀྱིས་གོ་སྒྲིག་གནང་སྟེ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་གངས་ལྗོངས་གླེང་སྟེགས་སམ། ཐའེ་ཝན་མང་གཙོའི་ཆབ་སྲིད་ཀྱིས་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་ལ་ལམ་འཁྲིད་ཇི་ལྟར་བྱེད་དགོས་པའི་སྐོར། ཕྱི་ལོ་ ༢༠༢༤ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་ཀྱི་བགྲེ་གླེང་ཞིག་སྤྱི་ཟླ་ ༡ ཚེས་ ༡༤ ནས་ ༡༥ ཉིན་གཉིས་གནང་ཡོད་ཅིང་། ཐའེ་ཝན་དོན་གཅོད་འབའ་པ་བསྐལ་བཟང་རྒྱལ་མཚན་ལགས་ནས། རྒྱ་ནག་གི་བཙན་དབང་འོག་དཀའ་ངལ་འཕྲད་པའི་བོད་དང་ཡུ་གུར། ལྷོ་སོག་པོ་དང་མན་ཇུ་སོགས་ཀྱི་ཐུན་མོང་གི་དཀའ་ངལ་སེལ་ཐབས་སུ། ཐེ་ཝན་གྱི་རང་དབང་མང་གཙོས་རྒྱ་ནག་ལ་ཤུགས་རྐྱེན་ཐེབས་ཐབས་ཆེད་མཉམ་རུབ་གནང་སྟངས་སྐོར་ཡིན་པ་སོགས་འགྲེལ་བརྗོད་གནང་གི་འདུག
ཐའེ་ཝན་ཆབ་སྲིད་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལི་ཡུ་ཐའན་ལགས་ནས་གསུང་བཤད་སྐབས། སྤྱི་ལོ་ ༡༩༩༦ ཙམ་ནས་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བའི་ངོ་བོར་བཞག་མིན་ཇི་ལྟར་ཡང་། ཐེ་ཝན་ནི་མང་གཙོའི་ལམ་ལུགས་ཀྱིས་འཛིན་སྐྱོང་གི་ཡུལ་གྲུ་ཞིག་ཡིན་པར་ངོས་འཛིན་འབྲེལ་ལམ་ཡོངས་གྲགས་གནང་བསྡད་ཡོད་པ་དང་། མང་གཙོའི་ལམ་ལུགས་ལག་བསྟར་དང་དཔལ་འབྱོར་ཡར་རྒྱས་གང་ཅིའི་ཐོག་ནས། ཐེ་ཝན་ནི་འཛམ་གླིང་སྤྱི་དང་ཁྱད་པར་ཨེ་ཤེ་ཡའི་ཡུལ་གྲུ་རྩེ་གྲས་ཁག་གི་ནང་སླེབས་ཀྱི་ཡོད་པས་ཐེ་ཝན་ལ་མིག་དཔེ་བལྟ་ས་མང་པོ་ཡོད་ཅིང་། འབྱུང་འགྱུར་རྒྱ་ནག་གིས་ས་གནས་མི་དམངས་ཀྱི་བདག་དབང་དང་འབྲེལ་ཏེ་མང་གཙོའི་རིང་ལུགས་ལ་སློབ་སྦྱོང་གི་ལམ་ཁ་བསྟེན་དགོས་པའི་སྐོར་གསལ་སྟོན་གནང་གི་འདུག
ཁོང་ནས་འབྱུང་འགྱུར་རྒྱ་ནག་གིས་ས་གནས་མི་དམངས་ཀྱི་བདག་དབང་དང་འབྲེལ་ཏེ་མང་གཙོའི་རིང་ལུགས་ལ་སློབ་སྦྱོང་གི་ལམ་ཁ་བསྟེན་དགོས་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་བསྒྲགས་སུའང་དང་པོར་འགྲོ་བ་མིའི་བདག་དབང་གི་སྐོར་ངོས་འཛིན་གནང་ཡོད་པ་བཞིན། དེ་ཚོ་བོད་རང་བཙན་བྱས་ནས་བོད་ནང་གི་མི་རིགས་གཞན་དག་ཕྱིར་ཕུད་གཏོང་རྒྱུ་དང་བོད་མི་ཁོ་ནར་རང་བཙན་གྱི་སྐད་ཆ་མིན་པར། བོད་ཀྱི་ས་ཁུལ་དེའི་ས་ཁོངས་ཀྱི་བདག་དབང་བདག་ཐོབ་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་སོགས། མདོར་ན་ངོས་ཀྱི་རེ་བར་ང་ཚོས་སུང་ཀྲུང་ཧྲན་གྱི་བསམ་བློའི་ནང་གི་དགོས་མཁོ་ཡོད་པའི་ལེགས་ཆ་ལེན་པ་དང་། ཁོང་གི་དགོངས་པའི་ནང་མ་འཁོར་བའི་བསམ་བློ་གསར་པའི་རིགས་ཀྱང་ལྷན་སྦྱར་གྱིས། རྒྱ་ནག་མང་གཙོའི་ལམ་དུ་འཁྲིད་པར་རྒྱ་ནག་ལ་འཐབ་རྩོད་བྱ་དགོས་པར་མཐོང་ཞེས་གསུང་ཡོད་ཅིང་། ཡང་ཚོགས་ཞུགས་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ནས། ད་ལན་ཐའེ་ཝན་གྱི་འོས་བསྡུ་ཁྱབ་བསྒྲགས་འཁྲུག་ཆ་དོད་པོ་དང་། ན་གཞོན་གྱི་ཆ་ཤས་ལེན་སྟངས་དང་གཏམ་བཤད་སོགས་ལ་ལེགས་ཆ་མང་དུ་ལེན་རྒྱུ་ཡོད་པ་མ་ཟད། མི་མང་གི་བསམ་འདུན་ལ་རྒྱུས་ལོན་གྱིས་ཁོང་ཚོའི་འདོད་པ་དང་བསྟུན་ནས་འགྲོ་དགོས་པར་མཐོང་བ་སོགས་འགྲེལ་བརྗོད་གནང་གི་འདུག
ཡང་ཐའེ་ཝན་དོན་གཅོད་འབའ་པ་བསྐལ་བཟང་རྒྱལ་མཚན་ལགས་ནས། ཟླ་ཤས་ནང་འོས་བསྡུའི་འགྲན་རྩོད་དང་ཕན་ཚུན་སྐྱོན་བརྗོད་ཀྱི་ཟང་ཟིང་སོགས་ཆགས་མིན་ལ་མ་ལྟོས་པར། མཐའ་མཇུག་ཐེ་ཝན་མི་མང་གིས་སོ་སོའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་ཚང་མ་བདམས་ཐུབ་པ་ནི། ཐེ་ཝན་གྱི་མང་གཙོའི་རྒྱལ་ཁ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཐའེ་ཝན་ནང་འཚོགས་པའི་གངས་ལྗོངས་གླེང་སྟེགས་ཀྱི་ཚོགས་འདུ་དེར། རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་ཡུ་གུར་དང་ལྷོ་སོག་པོ། མན་ཇུ་དང་རྒྱ་ནག་མང་གཙོ་དོན་གཉེར་བ་སོགས་ཀྱི་མཁས་པའི་སྐུ་ཚབ་མང་པོ་ལྷན་ཞུགས་གནང་ཡོད་པ་མ་ཟད། དམིགས་བསལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་དང་། བོད་ཀྱི་སྲིད་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སོགས་ཀྱིས་མཚོན། རྡ་རམ་ས་ལ་ནས་བོད་ཀྱི་སྐོར་ཉམས་ཞིབ་པ་ཁག་ཅིག་ཀྱང་ཆེད་ཕེབས་ཚོགས་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།