ཡུལ་ཤུལ་ཕྱོགས་སུ་ཁ་བ་ཤུགས་ཆེན་བབས་པས་སྒོ་ཕྱུཊ་དང་སྲོག་ཆགས་མང་པོ་ལྟོགས་ཤི་ཐེབས་བཞིན་འདུག
2019.02.11
ཡུལ་ཤུལ་ཕྱོགས་སུ་ཁ་བ་ཤུགས་ཆེན་བབས་པས་སྒོ་ཟོག་སེམས་ཅན་དང་རི་དྭགས་མང་པོ་ལྟོགས་ཤི་ཐེབས་བཞིན་པར་བོད་མི་ཚོས་ཛ་དྲག་མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་འདུག
བོད་ནང་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་བོད་ཀྱི་ས་ཁུལ་མང་པོའི་ནང་ཉེ་བའི་ཉིན་ཤས་ནང་བསྟུན་མར་ཁ་བ་ཤུགས་ཆེན་བབས་པ་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་རྩ་གཟན་གྱི་རིགས་མང་པོ་དང་། རོང་འབྲོག་མང་ཚོགས་ཀྱི་སྒོ་ཟོག་སེམས་ཅན་མང་པོ་ལྟོ་ཤི་དང་འཁྱག་ཤི་ཐེབས་བཞིན་ཡོད་འདུག་ཅིང་། ས་གནས་ཁག་གི་དགོན་པའི་དགེ་འདུན་པ་དང་ས་གནས་ཡུལ་མི་ཚོེས་རོང་འབྲོག་གི་སྒོ་ཕྱུག་སེམས་ཅན་ཙམ་མིན་པར། རི་དྭགས་སེམས་ཅན་མང་པོ་གངས་ཀྱི་འོག་ཚུད་ནས་ལྟོག་ཤི་ཐེབས་བཞིན་པ་སྐྱོབ་ཐབས་ཆེད་གཟན་རྩྭ་འོར་འདྲེན་ལ་སོགས་པའི་ཛ་དྲག་གི་ལས་འགུལ་སྤེལ་བཞིན་ཡོད་པ་བོད་སེར་ཤུལ་རྫོང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
ལྷག་པར་ཁ་བས་གནོད་ཐེབས་ས་ཁུལ་རྫ་སྟོད་ཕྱོགས་སུ་གནོད་འཚེ་དེ་སླེབས་མ་ཐག་རྫ་སྟོད་དགེ་རྒྱས་གཟི་རུ་དགོན་པའི་མཁན་པོ་ནོར་རྒྱམ་གཙོས་པའི་དགེ་འདུན་པ་རྣམས་ཀྱིས་སྣེ་འཁྲིད་འོག་མི་མང་པོ་ཞིག་གིས་གཟན་རྩ་རྒྱབ་ལ་ཁུར་ནས་གངས་ཤི་དང་འཁྱག་ཤིའི་དཀའ་སྡུག་འོག་གནས་བཞིན་པའི་བདག་མེད་རི་དྭགས་གནའ་བ་དང་དགོ་བ། གཙོད་དང་ཤྭ་བ་རྐྱང་དང་འབྲོང་སོགས་སྐྱོབ་ཐབས་བྱས་ཡོད་པ་དང་། འདི་གའི་རླུང་འཕྲིན་ཁང་གི་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། རྫ་སྟོད་རྫོང་ཁོངས་སུ་ཁ་བས་གནོད་འཚེ་སེལ་ཐབས་སུ་རྫ་རྫོགས་ཆེན་དགོན་པའི་མཁན་པོ་ཀརྨ་འགྱུར་མེད་མཆོག་གིས་འགྲོ་སོང་བཏང་སྟེ་ཨ་མདོའི་ཕྱོགས་ནས་རི་སྐྱེས་སྲོག་ཆགས་ལ་གཟན་རྩ་རླངས་འཁོར་༣༡་ཙམ་དྲུད་ནས་ཡོང་བ་དགོན་པའི་དགེ་འདུན་པ་དང་མང་ཚོགས་བཅས་ཀྱིས་གཟན་རྩ་རྒྱབ་ལ་ཁུར་ནས་རི་མགོར་འགོས་དེ་ལྟོག་ཤི་ཐེབས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྐྱོབ་ཐབས་བྱས་ཡོད་པ་རེད།
འོན་ཀྱང་ཚོད་དཔག་བྱས་པར་གཞིགས་ན་དུད་འགྲོ་སེམས་ཅན་ཧ་ཅང་གི་མང་པོ་འདས་གྲོངས་སུ་གྱུར་བཞིན་ཡོད་འདུག ཁ་བ་བབས་ཡུལ་ཆེ་ཤོས་ནི་ཡུལ་ཤུལ་ཁུལ་གྱི་རྫ་སྟོད་དང་འབྲི་སྟོད། ཆུ་དམར་ལེབ། ཁྲི་འདུ། ཡུལ་ཤུལ་རྫོང་བཅས་ཡིན་འདུག་པ་དང་། དེའི་ནང་ནས་གནོད་འཚེ་ཆེ་ཤོས་ནི་རྫ་སྟོད་རྫོང་གི་རྫ་ཆེན་ཡུལ་ཚོའི་ཕྱོགས་སུ་ཡིན་པ་བོད་ནང་གི་མི་སྒེར་གྱི་དྲ་ཐོག་གནས་ཚུལ་སྤེལ་འདུག
གོང་གི་ས་གནས་དེ་དག་གི་ནང་ཁ་བ་བུ་ཡུག་བྱུང་བཞིན་པ་དང་བླ་སྤྲུལ་དགེ་འདུན་པ་མང་པོས་གཟན་རྩ་རླངས་འཁོར་མང་པོ་ཉོས་དེ་སྦྱིན་གཏོང་གནང་བཞིན་པ་བོད་ཕྱི་ནང་གི་དྲ་ལམ་ཁག་ནང་ཤུགས་ཆེན་ཁྱབ་འདུག་ལ། དེ་བཞིན་མགོ་ལོག་དར་ལག་རྫོང་དང་བོད་དང་བལ་པོའི་ས་མཚམས་གཉའ་ནང་ཁ་བ་ཤུགས་ཆེ་བབས་ནས་ལམ་ཆེན་འགག་ནས་འགྲིམ་འགྲུལ་དང་ཟོག་ལུག་སེམས་ཅན་ལ་གཟན་རྩའི་དཀའ་ངལ་འཕྲད་བཞིན་པ་གོ་རྒྱུ་འདུག