རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་སྤེལ་རྒྱུར་ཆོག་མཆན་སྤྲད་མེད་སྐོར།
2009.06.18
༄༅༎སོ་ལོ་ལྦ་ཀི་ཡའི་གཞུང་ནས་རྒྱ་ནག་སྲིད་འཛིན་མཆོག་གཟིགས་བསྐོར་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་གནང་མེད་པའི་གནས་ཚུལ་འདུག
དེ་ཡང་སོ་ལོ་ལྦ་ཀི་ཡའི་ནང་ཡོད་པའི་བོད་ཀྱི་གྲོགས་པོ་ཚོགས་པ་དང་ཕ་ལུང་ཀུང་།རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་ནས་དེ་རིང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་མཆོག་ཁུལ་དེར་གཟིགས་བསྐོར་ཕེབས་པའི་སྐབས་སྲིད་འཛིན་གྱི་ལས་ཁུངས་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་ཞུས་ཡོད་ཀྱང་བཀའ་འཁྲོལ་གནང་མེད་པ་རེད།
འོན་ཀྱང་ཚོགས་པ་དེ་དག་གི་གཞུང་ལ་ཞུ་སྙན་ཞིག་ཕུལ་ཡོད་པ་དེའི་ནང་མང་གཙོ་དང་རང་དབང་ལ་གུས་བརྩི་དང་འགན་འཁྱེར་མཁ་གྱི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་སོ་སོའི་མི་སེར་གྱི་རང་དབང་བེད་སྤྱོད་བྱེད་རྒྱུར་ངོ་ཚ་ཁ་རྐྱེངས་ཆགས་དགོས་ཡག་ཡོད་མ་རེད། ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དེ་ནི་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་མཚོན་ཆེད་ཡིན་ཞེས་གསུངས་ནས་གང་ལྟར་གཞུང་གི་ཆོག་མཆན་གནང་མེད་ཀྱང་ཁོང་ཚོའི་ངོས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་སོ་ལོ་ལྦ་ཀི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་རྩ་བའི་རྒྱ་ནག་དང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དགོངས་ཚུལ་མི་མཐུན་པ་ཡོང་གི་ཡོད་རེད། འོན་ཀྱང་ང་ཚོ་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོགས་མི་ཞིག་ཡིན་ཙང་རྒྱ་ནག་དང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཚོའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་ལ་རྒྱ་ནག་གི་ནང་སྲིད་ལ་ང་ཚོས་ཐེ་བྱུས་བྱེད་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་མཆོག་དེ་རིང་རེས་གཟའ་ཕུར་བུའི་ཉིན་ཡུལ་དེའི་ནང་འཚམས་འདྲི་གཟིགས་བསྐོར་ཕེབས་ཀྱི་ཡོད་པ་རེད།