བོད་ནང་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་གསལ་བཤད༎
2012.03.14
༄༅༎ཕྱི་ཟླ་གསུམ་པའི་ཚེས་༡༣ཉིན་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་སུད་སིར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེང་སྐབས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པར་བརྟེན་ རྒྱལ་སྤྱིའི་ཚོགས་པ་ཁག་གིས་འཕྲལ་མར་བར་བཞུགས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད་ བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བཞུགས་བོད་མི་ཚོས་རང་ལུས་མེར་བསྲེག་བཏང་བའི་བྱ་སྤྱོད་དེ་རིགས་སྤེལ་ཚེ་ རྗེས་འབྲས་ཇི་་བྱུང་སྔོན་དཔག་ཐུབ་པར་བརྟེན་ ལས་འགུལ་དེ་རིགས་མ་སྤེལ་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་ སྐལ་ལྡན་མཚོ་མོ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཐོག་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་ཐོབ་ཐང་ཡོངས་སུ་ལོངས་སྤྱོད་བྱེད་དབང་མེད་པ་དང་ བོད་མི་ཚོས་ཞི་བའི་ཐོག་ནས་རྒྱ་ནག་གཞུང་ལ་རང་ཉིད་ཀྱི་ཐོབ་ཐང་དགོས་པའི་འབོད་སྐུལ་བྱས་པར་ཡང་ རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བཙོན་འཇུག་དང་ ཉེས་རྡུང་མནར་གཅོད་བྱེད་བཞིན་པའི་གནས་སྟངས་གསལ་སྟོན་གནང་ཏེ་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་དངོས་ཡོད་གནས་སྟངས་ལྟ་ཞིབ་ཆེད་ཞིབ་འཇུག་ཚོགས་པ་བོད་ནང་ཆེད་གཏོང་གནང་རྒྱུའི་འབོད་སྐུལ་གནང་ཡོད་འདུག ལྷན་ཚོགས་ཐོག་བྱང་ཀུ་རི་ཡ་དང་ ཁྱུ་པ་ རྒྱ་ནག་སྐམ་ས་བཅས་ཀྱི་སྐུ་ཚབ་སོགས་ནས་སོ་སོའི་རྒྱལ་ཁབ་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་ཡང་གཏམ་བཤད་བྱས་ཡོད་འདུག