སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལཌ་རྩ་དགོངས་ཞུས།
2012.01.19
༄༅༎བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་དྲ་རྒྱའི་ཐོག་བཀོད་པའི་གནས་ཚུལ་ནང་གསལ་ལྟར་ན་ བོད་མི་མང་མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་ ཕྱི་ཚེས་༡ཉིན་ སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་ རྒྱུན་ལས་ཐུན་མོང་གི་མཚན་ཐོག་ཏུ་ ཁོང་སྒེར་གྱི་རྒྱུ་མཚན་ལ་བརྟེན་ནས་ སྐབས་ ༡༥ པའི་སྤྱི་འཐུས་ནས་རྩ་དགོངས་ཞུ་བཞིན་ཡོད་ཚུལ་སྙན་ཞུ་ཕུལ་ཡོད་འདུག སྙན་ཞུའི་ནང་བཀོད་པར་གཞིགས་ན་ ཁོང་གྲོས་ཚོགས་སྐབས་ ༡༥ པ་འགོ་བཙུགས་པ་ནས་ད་བར་་ ཚོགས་ཐེངས་གཅིག་དང་གཞུང་དོན་དུ་འཚམས་གཟིགས་ཉིན་ཤས་ཙམ་ལས་དུས་ཁོམ་མ་བྱུང་བ་དང་ སླད་ཕྱིན་ཀྱང་ ལས་འབོར་ཐད་ཧི་མ་ལའི་རི་རྒྱུད་དང་ བོད་ནས་ཕེབས་པའི་རང་རིགས་རྒྱུད་འཛིན་རྣམས་ལ་ཤེས་ཡོན་དང་རིག་གཞུང་སློབ་གཉེར་ཆེད་ས་གནས་སུ་ཤེས་ཡོན་གྱི་ཚོགས་པ་ཁ་ཤས་ཀྱི་འགན་ཁུར་སྔོན་ནས་བཞེས་བཞིན་ཡོད་པ་མ་ཟད་ཚོགས་པ་དེ་དག་ས་གནས་ནང་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་པ་ཞིག་ཡིན་སྟབས་ ལས་དོན་ཐད་མུ་མཐུད་རྒྱུན་སྐྱོང་དགོས་པས་རྒྱུ་མཚན་ལ་བརྟེན་ དུས་ཚོད་འདང་མིན་གྱིས་གཞུང་སྒེར་གཉིས་ཀའི་ཐོག་ ལས་དོན་འཐུས་ཤོར་འགྲོ་ངེས་ཆེ་བའི་སྐོར་གསལ་འདོན་གནང་བཞག་ སྤྱི་འཐུས་དགེ་ཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་སྙན་ཞུའི་ནང་མུ་མཐུད་བཀོད་པར་ རྒྱུན་སྲོལ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་མི་འགལ་བའི་ཙམ་གྱི་ཆེད་ ཁོང་ལོ་རེར་ཚོགས་འདུ་ཐེངས་གཅིག་གི་བརྒྱ་ཆ་ལྔ་བཅུ་ལོན་ཙམ་བྱས་ཏེ་ ལོ་ལྔའི་རིང་སྤྱི་འཐུས་ཀྱི་ལས་དུས་་མཇུག་སྐྱོང་མི་འཐུས་པ་མེད་ཀྱང་ དེ་ནི་མིང་ཙམ་ལས་གཞུང་སྒེར་སུ་ལའང་ཁེ་ཕན་གང་ཡང་མེད་པ་དང་ ལྷག་པར་དུ་ས་གནས་སུ་འཚམས་གཟིགས་སོགས་སུ་བསྐྱོད་མ་ཐུབ་ཚེ་མི་མང་གི་བདེ་སྡུག་ལ་གཟིགས་རྟོགས་ཞུ་དགོས་པ་དེ་དག་ནི་ ཉིན་མོའི་རྨི་ལམ་ཙམ་ཡིན་སྟབས་དེ་དག་འཐུས་ཤོར་མི་འགྲོ་བའི་ཆེད་བོད་མི་མང་མདོ་སྟོད་སྤྱི་འཐུས་དང་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་རྩ་དགོངས་ཞུ་རྒྱུ་ཡིན་ཞེས་མགྲེལ་བརྗོད་གནང་ཡོད་པ་རེད་༎