རྒྱ་ནག་གི་སྲིད་འཛིན་གྱིས་ཁེ་ན་ཌར་སྤེལ་བའི་གཏམ་བཤད།
2010.06.25
༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་ཁེ་ན་ཌར་འཚམས་འདྲིར་བསྐྱོད་པ་ལྟར་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་ལམ་སྲ་བརྟན་དང་ལེའུ་གསར་པ་སྒོ་མོ་འབྱེད་རྒྱུའི་གཏམ་བཤད་བྱས་ཡོད་པ་རེད།
ཧུ་ཇིན་ཐའོ་ཡིས་ད་རེས་ཁེ་ན་ཌར་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་བར་ལ་གལ་ཆེའི་ཐབས་ཇུས་གོང་འཕེལ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གལ་འགངས་ཆེན་པོ་ཡིན་པ་ངོས་འཛིན་བྱས་ཡོད་ཅིང༌། དེ་ཡང་ཧུ་ཇིན་ཐའོ་ཡིས་བཤད་དོན། རྒྱལ་ཁབ་གཉིས་བར་གྱི་ལེའུ་གསར་པའི་ཁ་ཕྱོགས་ནས་འགོ་བཙུགས་ཏེ་རྒྱ་ནག་ཕྱོགས་ནས།
ཕྱོགས་གཉིས་པོའི་ཐབས་ཇུས་དང་ཕུགས་རྒྱང་རིང་པོའི་ཁེ་ཕན། མཛའ་གྲོགས་ཀྱི་འབྲེལ་ལམ། མཉམ་ལས། ཐབས་ཇུས་ཀྱི་འབྲེལ་བ་མུ་མཐུད་མངོན་ཐོན་ཡོང་བར ཁེ་ན་ཌའི་ཕྱོགས་ཀྱིས་འབད་བརྩོན་བྱེད་པའི་རེ་བ་ཡོད་ཅེས་དང༌། ང་ཚོ་རྒྱ་ནག་ཕྱོགས་ནས་ཀྱང་ཨ་མི་རི་ཀ་ནི་རྒྱ་ནག་དང་ཚོང་འབྲེལ་ཆེ་ཤོས་བྱེད་མཁན རྒྱལ་ཁབ་ཨང་དང་པོ་ཡིན་པ་དང༌། ཁེ་ན་ཌ་ནི་རྒྱ་ནག་གི་ཚོང་འབྲེལ་ཆེ་ཤོས་བྱེད་ཡུལ་རྒྱལ་ཁབ་ཨང་གཉིས་པ་བཟོ་རྒྱུར་གྲ་སྒྲིག་ཡོད་ཅེས་བཤད་ཡོད་པ་རེད། ད་དུང་ཧུ་ཇིན་ཐའོ་དང་མཉམ་དུ་ཡོང་བའི་རྒྱ་ནག་གི་ཚོང་ལས་མི་སྣ་དང་ཁེ་ན་ཌའི་བཟོ་གྲ་ཁག་བར་ཚོང་འབྲེལ་གྱི་གྲོས་མཐུན་ཁག་བཅུ་གྲངས་ཤིག་གྲོས་འཆམ་གྱི་ས་རྟགས་རྒྱབ་ཡོད་པ་དང། རྒྱ་ནག་ཕྱོགས་ནས་ཁེ་ན་ཌའི་ནང་ཁྲོམ་ར་སྒོ་མོ་ཕྱེ་རྒྱུའི་མོས་མཐུན་བྱུང་བ། ཁེ་ན་ཌའི་སྲིད་འཛིན་སི་ཀྲི་ཕེན་ཧའར་པར་ཕྱོགས་ནས་རྒྱ་ནག་དབར་གྱི་འབྲེལ་ལམ་དེ་ནི། ཁེ་ན་ཌའི་རྒྱལ་སྤྱིའི་འབྲེལ་ལམ་ནང་གི་གལ་ཆེ་བ་ཞིག་ཆགས་ཡོད་པ་གསུང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་༢༠༠༧ལོར་སྲིད་འཛིན་ཧའར་པར་གྱིས་གཞུང་འབྲེལ་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དང༌། རྒྱ་ནག་གཞུང་གིས་སོ་མྱུལ་གྱི་བྱ་སྤྱོད་ཐོག་ལ་ཡང་སེ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་མ་ཟད། ཉེ་བའི་ཆར་གྱི་ལོ་ཤས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་སྐྱོན་བརྗོད་གནང་བར་བརྟེན་ནས་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་ལམ་མི་བདེ་བའི་ཐོག་གནས་ཡོད་པ་རེད།