སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀར་ཕེབས་གནང་རྒྱུ།


2015.10.07
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་སྐབས། ༢༠༡༣།༡༡།༡༦ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་སྐབས། ༢༠༡༣།༡༡།༡༦
ཀླུ་འབུམ།/RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དང་གྲོང་ཁྱེར་ནིའུ་ཡོག་བཅས་སུ་ཕེབས་གནང་རྒྱུ་ཡིན་པ་རེད།
དེ་ཡང་སང་ཉིན་ཚེས་༨ཉིན། སྲིད་སྐྱོང་མཆོག་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་སྟེ། ཨ་མི་རི་ཀར་གཞུང་དོན་ཕྱོགས་བསྐྱོད་ཕེབས་གཏན་འཁེལ་ཡོད་པ་དང་། ཚེས་༩ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་འབྱོར་གནང་གི་ཡོད་པ་རེད། དེ་ཉིན་ཕྱི་དྲོ་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་ཀྱིས་གོ་བསྒྲིགས་གནང་བའི་གསོལ་སྟོན་ཞིག་ཐོག་ཕེབས་རྒྱུ་དང་། ཕྱི་ཚེས་༡༠ཉིན་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་འདུག
ཡང་ཕྱི་ཟླ་༡༠ཚེས་༡༡ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་ནུབ་ཕྱོགས་ཡུ་ཌ་མངའ་སྡེའི་གྲོང་ཁྱེར་Salt Lake Cityནང་ཕེབས་ནས། ཁུལ་དེར་གནས་སྡོད་གནང་མཁན་བོད་མི་ཚོའི་སྤྱི་ཁང་གསར་པའི་དབུ་འབྱེད་གནང་རྒྱུ་ཡིན་འདུག བོད་མིའི་སྤྱི་ཁང་དེའི་དབུ་འབྱེད་དེ་བཞིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནང་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་ཀྱང་༧གོང་ས་མཆོག་གི་ཕྱི་ཟླ་བཅུ་པའི་ཨ་རིའི་ནང་གི་མཛད་འཆར་ཁག་ཕྱིར་འཐེན་གནང་བར་བརྟེན་སྲིད་སྐྱོང་མཆོག་ལ་ཇི་ལྟར་འབོད་སྐུལ་ཞུས་པ་བཞིན་སྤྱི་ཁང་གི་དབུ་འབྱེད་དེ་སྲིད་སྐྱོང་མཆོག་གིས་གནང་གཏན་འཁེལ་བ་ཞིག་ཡིན་པ་རེད།
དེ་བཞིན་ཚེས༡༢ནས་༡༣བར་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་རྒྱུ་ཡིན་པ་དང་། ཚེས་༡༣ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཨ་རིའི་Maryland མངའ་སྡེའི་ནང་ཡོད་པའི་Salisbury Universityཞེས་པའི་གཙུག་ལག་སློབ་གྲ་ཆེན་མོས་Presidential Medalཞེས་པའི་ཆེ་ཐོངས་ཆེ་བའི་གཟེངས་རྟགས་འབུལ་བཞེས་གནང་རྒྱུ་དང་། དེ་བཞིན་སྲིད་སྐྱོང་མཆོག་གིས་གཙུག་ལག་སློབ་གྲ་ཆེན་མོ་དེའི་རྩོད་རྙོག་འདུམ་འགྲིག་ལས་ཁང་གིས་གོ་བསྒྲིགས་གནང་བའི་ཆེས་མཐོའི་མི་སྣའི་གསུང་བཤད་ལས་འཆར་ཁོངས་སུ་མང་གཙོ་དང་ཐབས་ལམ་གསུམ་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག འདས་པའི་ལོ་རྒྱུས་ནང་ལས་འཆར་དེའི་ཐོག་གསུང་བཤད་གནང་མཁན་ཁོངས་སུ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མྱོང་མཁན་དེ་འདྲ་བྱུང་ཡོད་འདུག
སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་གི་མཛད་འཆར་ཁག་གྲུབ་རྗེས་ཕྱི་ཚེས་༡༦ཉིན་རྒྱ་གར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎