དབྱིན་ཡུལ་གྲོས་ཚོགས་ནང་བོད་ནང་གི་ཆོས་དད་རང་དབང་ཐད་ཉན་ཞིབ་གནང་འདུག

དབྱིན་ཡུལ་གྲོས་ཚོགས་ནང་བོད་ནང་གི་ཆོས་དད་རང་དབང་ཐད་ཉན་ཞིབ་གནང་སྐབས། ༠༤།༢༥།༢༠༢༣
དབྱིན་ཡུལ་གྲོས་ཚོགས་ནང་བོད་ནང་གི་ཆོས་དད་རང་དབང་ཐད་ཉན་ཞིབ་གནང་སྐབས། ༠༤།༢༥།༢༠༢༣ (CTA)

འདི་ཚེས་༢༥ཉིན། སྲིད་སྐྱོང་མཆོག་དབྱིན་ཡུལ་གྲོས་ཚོགས་སུ་ཕེབས་པ་དང་བསྟུན། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ཉིན་དང་སྟབས་བསྟུན་དབྱིན་ཡུལ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ངོས་ནས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཉན་ཞིབ་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། གཟིག་རྒྱབ་རིན་པོ་ཆེ། སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ལགས་བཅས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་གྱུར་བའི་གནད་དོན་སོགས་ཀྱི་ཐད་བདེན་དཔང་ངོ་སྤྲོད་གནང་ཡོད་པ་དང་། ད་དུང་སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་སར་བོད་དོན་གཏམ་བཤད་དང་གོ་བསྡུར་གནང་ཡོད་པ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་ཆོས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནི་དབྱིན་ཡུལ་གྲོས་ཚོགས་ནང་གི་ལྷན་ཚོགས་ཆེ་གྲས་ཤིག་ཡིན་པ་རེད།

343560001_1443787979700702_3414687282027557107_n.jpg

ཚེས་༢༦ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབྱིན་ཡུལ་གྱི་(Westminster)་གཙུག་ལག་སློབ་ཆེན་དུ་འགྲོ་བ་མིའི་ཐོབ་ཐང་དང་། བཙན་བྱོལ་ནང་གི་མང་གཙོ། བོད་དང་རྒྱ་ནག་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། གཏམ་བཤད་ལས་རིམ་དེ་(Westminster)་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཆེན་མོ་(Dibyesh Anand)་ལགས་ཀྱིས་གོ་སྒྲིག་དང་། སློབ་ཆེན་དེའི་མང་གཙོ་ཤེས་ཡོན་ལྟེ་གནས་ཁང་གིས་གཙོ་སྐྱོང་གནང་བ་ཡིན་འདུག

Sikyong UK (1).jpg


ཚེས་༢༥འི་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་འོག་མའི་འཐུས་མི་དང་། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་(Alicia Kearns)་ལགས་དང་མཇལ་མོལ་གནང་བད་ང་། ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་སུ། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Tim Loughton)་ལགས་དང་། གྲོས་ཚོགས་འཐུས་མི་(Kerry McCarthy)་ལགས། འཐུས་མི་(Wera Hobhouse)་བཅས་དང་མཇལ་འཕྲད་གནང་བ་དང་། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་(Sir Lindsay Hoyle)་ལགས་དང་མཇལ་མོལ་གནང་རྗེས། དབྱིན་ཡུལ་གྲོས་ཚོགས་ནང་ཟུར་ཉན་དུ་ཕེབས་ཡོད་འདུག
ཚེས་༢༧ཉིན་སྲིད་སྐྱོང་མཆོག་(Scotland)་རྒྱལ་ས་(Edinburgh)་ལ་ཕེབས་ཐོན་གནང་གི་ཡོད་འདུག


གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།