སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་ནི་སེལ་རྒྱུར་ལྷག་པའི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཡིན་པའི་ཐད་དབྱིན་ཡུལ་དུ་གཏམ་བཤད་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་(Oxford Union)་མཉམ་འབྲེལ་སྡིངས་ཆར་གཏམ་བཤད་གནང་ནས་རང་དབང་ལུང་པ་ཚོས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་པ་ཡིན་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་གསལ་སྟོན་གནང་ཡོད་འདུག
- 2023-02-01
-
-
-
Your browser doesn’t support HTML5 audio
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་། དབྱིན་ཡུལ་དུ་ཕྱོགས་བསྐྱོད་ཆེས་ཐོག་མ་དེ་སྤྱི་ཟླ་༡ཚེས་༣༡ཉིན་ནས་གནང་བ་དང་། ཉིན་དེར་དབྱིན་ཡུལ་གྱི་(Oxford Union)་ཨོ་ཁི་སི་ཧྥོར་ཌི་སློབ་ཆེན་གྱི་ཚོགས་མིས་གྲུབ་ཆ་མང་ཤོས་སུ་གྱུར་པ། ཨོ་ཁི་སི་ཧྥོར་ཌི་མཉམ་འབྲེལ་སྡིངས་ཆ་ལ་གདན་ཞུས་ཀྱིས།་(Tibet: An Unresolved International Conflict)་བོད་ཀྱི་གནད་དོན་ནི་སེལ་རྒྱུར་ལྷག་པའི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཡིན་པའི་སྐོར་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། རང་དབང་ལུང་པ་ཚོས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་པ་ཡིན་ན། རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་དང་། བོད་ནི་གནའ་རབས་ནས་བཟུང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་པ་སོགས་གསུང་བ། དབྱིན་ཡུལ་དོན་གཅོད་ཀྱི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡང་སྲིད་སྐྱོང་མཆོག་གིས། བོད་ནི་ཨེ་ཤེ་ཡ་གླིང་ཆེན་གྱི་ཆུ་མཛོད་ཆེ་ཤོས་དེ་ཡིན་པས། སྐྱེ་ཁམས་ཁོར་ཡུག་གི་ཐོག་ཧ་ཅང་གལ་ཆེན་ཆགས་ཡོད་པ་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་བརྟེན་ནས་རྒྱ་ནག་དང་རྒྱ་གར་གཙོས་པའི་མི་འབོར་ཐེར་འབུམ་ཁ་ཤས་ལ་དཀའ་ངལ་འཕྲད་བཞིན་པ་སོགས། རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་གསུང་ཡོད།
གཞན་བོད་ཀྱི་གནའ་བོའི་ཆོས་དང་རིག་གཞུང་ཡིག་སྒྱུར་གྱི་སྐོར་དེ་ཧ་ཅང་རིན་ཐང་ཆེན་པོ་ཡིན་པ་དང་། བོད་མིའི་རེ་བ་རྒྱག་ས་ནི་༧གོང་ས་མཆོག་གི་དགོངས་པ་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་གྱི་ཡོད་པ་དང་། དེ་ནི་མཐའ་གཉིས་སུ་མ་ལྷུང་བའི་གཉིས་ཕན་གྱི་སྲིད་ཇུས་ཤིག་ཡིན་པ་སོགས་ངོ་སྤྲོད་གནང་བ་འགྲེལ་བརྗོད་གནང་བྱུང་།
ཨོ་ཁི་སི་ཧྥོར་ཌི་མཉམ་འབྲེལ་སྡིངས་ཆ་ནི། ཆབ་སྲིད་མི་སྣ་དང་། མཁས་དབང་། སྒྱུ་རྩལ་བ་སོགས་ཆེས་སྙན་གྲགས་ཆེ་བའི་མི་སྣ་ཁག་གདན་ཞུས་ཀྱིས་གཏམ་བཤད་གནང་ས་ཞིག་ཡིན་པར་བརྟེན། བོད་མིའི་ཁོངས་ནས་༧གོང་ས་མཆོག་དང་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་སོགས་ནས་གསུང་བཤད་གནང་མྱོང་ཡོད་ཅིང་། ལོ་འདིར་ཨོཀ་སི་ཧྥོར་ཌི་མཉམ་འབྲེལ་སྡིངས་ཆ་བཙུགས་ནས་ལོ་ཧྲིལ་བོ་༢༠༠འཁོར་གྱི་ཡོད་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉིན་གྲངས་གཉིས་རིང་དབྱིན་ཡུལ་ནང་གཞུང་འབྲེལ་ཕྱོགས་ཕེབས་འདིར། ཨོཀ་སི་ཧྥོར་ཌི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་བོད་མི་སློབ་ཕྲུག་སོགས་ལ་མཇལ་མོལ་གནང་ཡོད་པ་དང་། ཕྱི་ཟླ་གཉིས་པའི་ཚེས་༡ཉིན་ནས་ཨ་མི་རི་ཀའི་ནང་ཕེབས་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཨ་མི་རི་ཀའི་གཞུང་གི་གནད་ཡོད་མི་སྣ་དང་བོད་མི་ཚོར་མཇལ་འཕྲད་བཅས་གནང་འཆར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།