སྲིད་སྐྱོང་མཆོག་ཡང་བསྐྱར་མ་འོངས་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ།
2015.08.12
ད་ལྟའི་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་སླར་ཡང་༢༠༡༦གི་སྲིད་སྐྱོང་འོས་མི་ལ་བཞེངས་རྒྱུ་ཡིན་པ་གསུངས་འདུག དེའི་སྐོར་ང་ཚོའི་བཞུགས་སྒར་དྷ་རམ་ས་ལའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་ཚེས་༡༢ཉིན་བཞུགས་སྒར་རྡ་རམ་ས་ལར་དབུ་མའི་ལམ་ངོ་སྤྲོད་ཀྱི་དངོས་བྱུང་གློག་བརྙན་གསར་པ་ཞིག་དང་། བོད་ཀྱི་དྲ་བརྙན་སྡེ་ཚན་ནས་བོད་ཀྱི་བརྙན་འཕྲིན་ཞེས་པའི་མཉེན་ཆས་གསར་པ་ཞིག་དབུ་འབྱེད་གནང་སྐབས། གསར་འགོད་པའི་དྲི་བ་ལྟར། སྲིད་སྐྱོང་མཆོག་གིས། ང་མ་འོངས་༢༠༡༦གི་སྲིད་སྐྱོང་འོས་མི་ལ་ལངས་རྒྱུ་ཡིན། རྒྱུ་མཚན། བོད་ཀྱི་ལོ་རྒྱུས་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་སྐབས་ཆབ་སྲིད་ཀྱི་སྐུ་དབང་༧གོང་ས་མཆོག་གིས་མི་མང་ལ་གནང་བའི་རྗེས་སུ། མང་ཚོགས་ཁྲོད་སེམས་འཚབ་ཤུགས་ཆེན་བྱུང་བའི་སྐབས། མི་མང་གིས་ཚད་མཐོའི་འོས་ཤོག་བླུགས་ནས་ང་ལ་རྒྱབ་སྐྱོར་གནང་པ་རེད། ང་དང་ཕྱག་རོགས་བཀའ་བློན་རྣམ་པར་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་ལོ་ངོ་བཞིའི་རིང་ལྷིང་འཇགས་པོ་བྱུང་། ད་དུང་མུ་མཐུད་ནས་ལྷིང་འཇགས་པོ་ཡོང་བ་དང་། མུ་མཐུད་རྒྱུན་གནས་ཡར་རྒྱས་ཆེད་ང་རང་གི་ངོས་ནས་ཐུགས་ཕན་གསོ་བའི་ཞབས་ཞུ་ཞུ་ཐུབ་པ་གདེངས་སྤོབས་ཆེན་པོའི་ངང་ཞུ་ཐུབ་ཀྱི་ཡོད། སྔར་ལྷག་མ་བྱུང་ཡང་སྔར་བཞིན་སྙིང་སྟོབས་དང་། ལྷག་བསམ་ཡོད། མ་གཞི་རིམ་པས་ཞིབ་ཕྲའི་གནས་ཚུལ་སྤྱི་ཟླ་དགུ་བའི་ཚེས་༢མང་གཙོ་དུས་ཆེན་ཉིན་ནས་གནང་རྒྱུ་ཡིན་སྐོར་ལན་འདེབས་གནང་འདུག
དེ་སྔོན་མ་འོངས་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུར་དངོས་སུ་གསལ་བསྒྲགས་གནང་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་། བོད་མིའི་ཚོང་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་བཀྲིས་དབང་འདུས་ལགས། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ལགས་བཅས་འོས་མི་གསུམ་བྱུང་ཡོད།
ཉིན་དེར་ལྷག་པ་ཚེ་རིང་ཚོགས་ཁང་ནས་དབུ་མའི་ལམ་ངོ་སྤྲོད་ཀྱི་གློག་བརྙན་གསར་པ་ཞིག་དང་། བོད་ཀྱི་དྲ་བརྙན་སྡེ་ཚན་ནས་བོད་ཀྱི་བརྙན་འཕྲིན་ཞེས་པའི་མཉེན་ཆས་གསར་པ་ཞིག་དབུ་འབྱེད་གནང་སྐབས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། བཀྲིས་ཕུན་ཚོགས་ལགས་རྣམ་གཉིས་ཀྱང་ཆེད་ཕེབས་གནང་འདུག དངོས་བྱུང་གློག་བརྙན་གསར་པ་དེ་དབུ་འབྱེད་གནང་དོན་ནི་བོད་ཀྱི་གནད་དོན་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་བཞིན་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་སྐོར་མང་ཚོགས་ཀྱི་མཁྱེན་རྟོགས་ཟབ་མོ་ཡོང་ཆེད་ཡིན་འདུག གློག་བརྙན་གསར་པ་དེའི་ནང་དབུ་མའི་ལམ་གྱི་བཞེངས་ཕྱོགས་ལ་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམས་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར། དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ནས་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་བ་ཁག་ཡོད་འདུག
སྲིད་སྐྱོང་མཆོག་ནས་ད་དུང་TTVཞེས་པའི་མཉེན་ཆས་གཅིག་ཀྱང་དབུ་འབྱེད་གནང་བ་དང་། དེ་ནི་གཙོ་བོ་Tibetonline TVཞེས་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ལ་གཟིགས་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན་ནས་ཡིན་པ་དང་། ད་ཆ་རྩིས་འཁོར་མེད་ན་ཡང་ལག་ཁྱེར་ཁ་པར་སོགས་བརྒྱུད་ནས་མང་ཚོགས་ཀྱིས་བོད་ཀྱི་བརྙན་འཕྲིན་གཟིགས་ཐུབ་པའི་ཆ་རྐྱེན་བསྐྲུན་པ་ཞིག་ཡིན་འདུག
ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་སྡེ་ཚན་གྱི་རྩོམ་སྒྲིག་པ་དང་། དྲུང་འཕར་འཇིགས་མེད་ཚེ་རིང་ལགས་ཀྱིས་མཉེན་ཆས་དེ་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཉིན་རེའི་གསར་འགྱུར་དང་མཛད་སྒོ་ཁག དེ་བཞིན་དངོས་བྱུང་གློག་བརྙན་ཁག་གཟིགས་ཐུབ་རྒྱུ་མ་ཟད། དེའི་ནང་www.Tibetnet བོད་ཀྱི་དྲ་རྒྱ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་དྲ་རྒྱ་WWw.dalailama.comཡང་ཡོད་སྐོར་གསུངས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་ཀླུ་འབུམ།