བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ནང་ཕྱོགས་ཕེབས་གནང་གཏན་འཁེལ་བ།
2017.10.31

༄༅།།བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་གཉིས་ཀྱིས་རྒྱ་གར་ནང་ཁུལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དེ་རིང་ཕྱི་ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༡༡ པའི་ཚེས་ ༤ བར་ལྡི་ལིར་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་མི་སྣ་མཇལ་འཕྲད་དང་། དེ་རྗེས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊི་རུ་གྲོང་ཁྱེར་དེའི་ནང་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དང༌། དེ་བཞིན་རྒྱ་གར་ Balipara ཐེབས་རྩ་ཁང་གི་གོ་སྒྲིག་གནང་བའི་དཔལ་འབྱོར་དང་ཁོར་ཡུག་གྱི་བགྲོ་གླེང་ཚོགས་འདུ་ཞིག་གི་མགྲོན་འབོད་ལྟར་གསུང་བཤད་གནང་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་དང༌།
ཡང་ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་རྣམ་གཉིས་དེ་རིང་ནས་བཟུང་ཕྱི་ཟླ་ ༡༡ ཚེས་ ༣༠ བར་རྒྱ་གར་མངའ་སྡེ་མཧཱ་རཱཤཀྲ་ནང་རྟེན་གཞི་བྱས་པའི་བྷན་དཱ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་དང་། རྒྱ་གར་མངའ་སྡེ་ཆ་ཏི་སི་གྷར་ནང་རྟེན་གཞི་བྱས་པའི་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་གཉིས་དང༌། དེ་བཞིན་གཞིས་ཆགས་གཉིས་ཀྱི་ཁྱབ་ཁོངས་བོད་མིའི་སུད་ཚོང་ས་གནས་ཁག་ ༡༨ ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་པ་ལྟར། ཁོང་རྣམ་གཉིས་བཞུགས་ཡུལ་ས་གནས་ཁག་ནས་ཕྱིར་ཐོན་གྱི་ཕྱི་ཟླ་ ༡༡ པའི་ཚེས་ ༤ ནས་ ༡༦ བར་བྷན་དཱ་ར་ནོར་རྒྱས་གླིང་གཞིས་ཆགས་དང་དེའི་ཁྱབ་ཁོངས་སུད་ཀྲར་ཚོང་ཡུལ་ཁག་དང༌། ཟླ་བ་དེའི་ཚེས་ ༡༧ ནས་ ༢༩ བར་མན་སྤར་ཕན་བདེ་གླིང་གཞིས་ཆགས་དང་དེའི་ཁྱབ་ཁོངས་སུད་ཚོང་ཀྲར་ཚོང་ལས་བྱ་ཡུལ་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་འདུག།གསར་འགོད་པ་ངག་དབང་ཆོས་འཕེལ།