བོད་མིའི་མང་གཙོའི་འཕེལ་རིམ་ལ་ཆེད་བསྟོད་གཟེངས་རྟགས།

ཨ་མི་རི་ཀའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་བོད་མིའི་མང་གཙོའི་འཕེལ་རིམ་ལ་ཆེད་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ།

སྲིད་སྐྱོང་མཆོག་གིས་རང་དབང་ཁང་པར་གཏམ་བཤད་གནང་བཞིན་པ། ༢༠༡༦།༢།༡༡ Lhuboom/RFA

བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ལ་ཆེད་བསྟོད་ཀྱི་ངོས་འཛིན་ཞུ་ཆེད་ NED་ཞེས་ཨ་མི་རི་ཀའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཆེད་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ་ཡིན་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཟླ་༦་ཚེས་༡༠་ནས་ཚེས་༡༩ བར། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་དང་། ཕྱི་ཟླ་༦་པའི་ཚེས་༡༥་ཉིན། ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་National Endowment for Democracy (NED)འམ་རྒྱལ་ཡོངས་དམངས་གཙོ་གོང་སྤེལ་བསྟི་གནས་ཁང་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར། བོད་མིའི་སྒྲིག་འཛུགས་དེ་བཞིན་ཚད་ལྡན་དམངས་གཙོ་ལམ་ལུགས་སུ་ཤར་བསྐྱོད་བྱེད་བཞིན་པ་མ་ཟད། དམངས་གཙོའི་ལམ་སྲོལ་སྲ་བརྟན་ཡོད་བཞིན་པ་དེར་ངོས་འཛིན་དང་ཆེད་བསྟོད་ཞུ་ཆེད། སྲིད་སྐྱོང་མཆོག་ལ་གཟེངས་རྟགས་དེ་འབུལ་རྒྱུ་ཡིན་འདུག།
གཟེངས་རྟགས་འདི་བཞིན་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Martin Frost་ནས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འབུལ་བཞེས་གནང་རྒྱུ་དང་། ཆེས་བསྟོད་ཀྱི་གཟེངས་རྟགས་དེའི་རྒྱབ་མདུན་གཉིས་སུ་ཨ་མི་རི་ཀའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཆེད་བརྗོད་བཀོད་ཡོད་པ་ཞིག་ཡིན་འདུག།
གཟེངས་རྟགས་འབུལ་བཞེས་ཀྱི་འདུ་འཛོམས་མཛད་སྒོ་གྲུབ་མཚམས་སྲིད་སྐྱོང་མཆོག་ནས་ བཙན་བྱོལ་བོད་མིའི་དམངས་གཙོའི་ནུས་སྟོབས་དང་ཁྱད་ཆོས་སྐོར་གཏམ་བཤད་གནང་རྒྱུ་ཡིན་འདུག།
ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་ཕྱོགས་ཕེབས་སྐབས། གྲོང་ཁྱེར་ནིའུ་ཡོག་ནང་བོད་རིགས་རྣམས་ལ་གསུང་བཤད་དང་། ཚེས་༡༢ཉིན། ཨ་རིའི་Utah་མངའ་སྡེའི་Salt Lake་གྲོང་ཁྱེར་བོད་རིགས་ཚོགས་པའི་སྤྱི་ཁང་དབུ་འབྱེད་གནང་རྒྱུ། དེ་བཞིན་Maryland་མངའ་སྡེའི་ནང་གི་Salisbury་གཙུག་ལག་སློབ་གྲས་སྲིད་སྐྱོང་མཆོག་ལ་རྟགས་མ་འབུལ་བཞེས་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།
ཨ་རིའི་ཁུལ་གྱི་མཛད་འཆར་གྲུབ་མཚམས་སྲིད་སྐྱོང་མཆོག་ཕྱི་ཚེས་༡༩་ཉིན་རྡ་སར་ཕྱིར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org