ཨ་རིའི་སྤྱི་མཐུན་ཚོགས་པའི་འོས་མི་དང་ཚོང་བ་ཆེན་མོ་Donald Trump་ཨ་རིའི་སྲིད་འཛིན་སྐབས་བཞི་བཅུ་ཞེ་ལྔ་བར་མང་གཙོའི་ལམ་ནས་འོས་འདེམས བྱུང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་འདུག
སྲིད་སྐྱོང་མཆོག་གི་འཚམས་འཕྲིན་ནང་། ངོས་ཀྱིས་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་དེ་རིང་ངས་སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པར་ཨ་རིའི་སྲིད་འཛིན་གསར་པའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། སྐུ་ཉིད་མཆོག་ལ་ད་ཆ་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་སྲིད་འཛིན་གྱི་ལས་འགན་གསར་པ་ཞིག་ཡོད་སྟབས། ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཨ་རིའི་གཞུང་མང་གཉིས་ནས་ཐེངས་མང་པོར་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་ཡང་ཡང་གདན་ཞུ་གནང་བར་ངས་བཀའ་དྲིན་བསམ་ཤེས་ཐུབ་ཀྱི་འདུག
སྐུ་ཉིད་མཆོག་གིས་རྒྱལ་ཁའི་གཏམ་བཤད་གནང་སྐབས། རྒྱལ་ཁབ་ཀྱི་ཁེ་ཕན་རྩ་འཛིན་ཐོག་ནས་འཛམ་གླིང་སྤྱི་ཚོགས་གཞན་ཚང་མར་དྲང་བདེན་ཐོག་ནས་གཟིགས་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས་པ་ལྟར། ང་ཚོས་སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་གི་སྲིད་གཞུང་ངོས་ནས་ཞི་བའི་ལམ་ནས་བོད་ཀྱི་གནད་དོན་གསལ་ཆེད་རྒྱ་ནག་དང་ལྷན་གྲོས་མོལ་ཡོང་སླད་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་དགའ་བསུའི་འཚམས་འདྲི་དང་འབྲེལ་སྲིད་འཛིན་གྱི་ལས་ཡུན་སྐབས་བོད་དོན་ཐོག་རྒྱབ་སྐྱོར་དང་བོད་མི་ཚོར་འབྲེལ་ལམ་མུ་མཐུད་གནང་རྒྱུའི་རེ་བ་ཞུས་གནང་འདུག
དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Lu Kang་གིས། རྒྱ་ནག་གཞུང་གིས་གསར་དུ་འདེམས་ཐོན་བྱུང་པའི་ཨ་རིའི་སྲིད་འཛིན་གསར་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་དང་བརྟན་པོ་གནས་ཐུབ་ཐབས་སུ་འབད་རྩོན་གནང་རྒྱུ་ཡིན་ཞེས་བརྗོད་འདུག
རྒྱ་གར་གྱི་སྲིད་བློན་Narendra Modi་མཆོག་གིས་མཚམས་འདྲི་དང་འབྲེལ་ཊོམ་ཕུ་ཡིས་རྒྱ་གར་ལ་མཛའ་གྲོགས་ཀྱི་འདུ་ཤེས་ཡོད་པར་དགའ་མོས་དང་མཉམ་རྒྱ་གར་དང་ཨ་རིའི་མཐུན་འབྲེལ་བཟང་དུ་གཏོང་ཐབས་སུ་མཉམ་ལས་གནང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་ལུགས་གསུངས་འདུག
ཨ་རིའི་CNN་སོགས་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་འདེམས་ཆེན་མོའི་འགྲན་རྩོད་ཁྲོད། ཨ་རིའི་མང་གཙོ་ཚོགས་པའི་འོས་མི་དང་ཕྱི་སྲིད་དྲུང་ཆེ་ཟུར་བ་ལྕམ་ཧེ་ལི་རོས་ཁི་ལེན་ཊོན་དང་། སྤྱི་མཐུན་ཚོགས་པའི་ཚོགས་པའི་འོས་མི་དང་ཚོང་པ་Donald Trump་རྣམ་གཉིས་བར་རྣོ་ངར་ཅན་གྱི་འགྲན་རྩོད་བརྒྱུད། གསར་འགྱུར་བརྒྱུད་ལམ་སོགས་ནས་དམངས་ཁྲོད་ཀྱི་བསམ་ཚུལ་བསྡུ་ལེན་སྐབས་སུ་མང་ཆེ་བས་ལྕམ་ཧེ་ལི་རི་ལ་རྒྱལ་ཁ་ཐོབ་པར་ཚོད་དཔག་བྱེད་བཞིན་ཡོད་ནའང་། མཐའ་འཇུག་གི་རྒྱལ་ཁ་དེ་སྐུ་ཞབས་ཊོམ་ཕུ་ལ་ཐོབ་ཡོད་པ་རེད། ཐེངས་དང་པོར་གཞུང་ཞབས་ཀྱི་ལས་ཀའི་འགྲན་རྩོད་ནང་ཞུགས་པ་དང་། འོས་འདེམས་འགྲན་རྩོད་སྐབས་སུ་རྩོད་གླེང་མཚམས་མ་ཆད་པའི་ཁང་ཚོང་གཉེར་མཁན་ཕྱུག་བདག་ཊོམ་ཕུ་ཡིས་ཚེས་༨་ཉིན་གྱི་འོས་འདེམས་དུས་སུ་བར་གནས་ཀྱི་མངའ་སྡེ་ཧྥོ་ལོ་རེ་ཊ་སོགས་ནས་རྒྱལ་ཁ་ཐོབ་པ་མ་ཟད། ནམ་རྒྱུན་མང་གཙོ་ཚོགས་པའི་ཕྱོགས་སུ་ངོས་འཛིན་ཡོད་པའི་མངའ་སྡེ་Michigan་དང་། Wisconsin་སོགས་ནས་ཀྱང་རྒྱལ་ཁབ་ཐོབ་ཡོད།
CNNནང་གསལ་བསྒྲགས་གནང་བ་ལྟར་ན། ཨ་རིའི་འདེམས་བསྐོ་ལྷན་ཚོགས་ཀྱི་འདེམས་བསྐོ་བའི་འོས་གྲངས་༥༣༨་ནང་ནས། ཡིན་གཅིག་མིན་ཅིག་འོས་གྲངས་༢༧༠་ཐོབ་དགོས་པ་ལྟར། ཊོམ་ཕུ་ལ་འོས་གྲངས་༢༨༨དང་ལྕམ་ཧེ་ལི་རོས་ལ་འོས་གྲངས་༢༡༥ཐོབ་ནས། དེ་སྔོན་ཨ་རིའི་ལྕམ་མོ་དང་པོ་དང་ཨ་རིའི་གྲོས་ཚོགས་འཐུས་མི། ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་ཀྱི་འགན་བཞེས་མྱོང་མཁན་ཧེ་ལི་རོས་ནས་ཨ་རིའི་ལོ་རྒྱུས་ཐོག་བུད་མེད་ཀྱི་སྲིད་འཛིན་ཐོག་མ་ཆགས་ཐུབ་པའི་རེ་བ་དེ་ད་ལྟ་ཕམ་ཁའི་ཁྲོད་མཇུག་སྒྲིལ་བ་རེད།
ཊོམ་ཕུ་ཡི་རྒྱལ་ཁའི་གཏམ་བཤད་གནང་སྐབས། ངས་ཁྱེད་ཚོར་ཁས་ལེན་བྱེད་ཆོག ངས་ཚང་མའི་རེ་བ་ཆུད་ཟོས་སུ་གཏོང་གི་མ་རེད་ལ། ང་ཚོས་ཧུར་ཐག་བྱས་ནས་ལས་དོན་སྒྲུབ་ངེས་ཡིན་པ་དང་། ང་རང་ནས་ཁྱེད་ཚོའི་སྲིད་འཛིན་བྱེད་པར་རེ་སྒུག་བྱས་ནས་ཡོད། མ་འོངས་པའི་ལོ་གཉིས་དང་གསུམ། བཞི། ཡང་ན་བརྒྱད་ཀྱི་རྗེས་སུ། ཁྱེད་ཚོས་འབད་བརྩོན་བྱས་པའི་འབྲས་བུར་གདེང་འཇོག་བྱེད་ངེས་རེད་ལ། ཚང་མས་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངས་བཤད་འདོད་པ་ཉག་ཅིག་ནི་འོས་འདེམས་འགྲན་རྩོད་མཇུག་སྒྲིལ་བ་རེད། ཡིན་ནའང་ང་ཚོས་སྐུལ་སྤེལ་བྱས་པའི་ལས་དོན་དེ་ད་ལྟ་གཞི་ནས་འགོ་འཛུགས་ཀྱི་ཡོད་པ་རེད། ང་ཚོས་ད་ལྟ་ནས་ཨ་རིའི་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་འགོ་ཚུགས་པ་རེད། ང་ཚོས་སྒྲུབ་པའི་ལས་དོན་ལས་ཁྱེད་ཚོས་འདེམས་པའི་སྲིད་འཛིན་ལ་སྤོབས་པ་སྐྱེས་ཆོག་པ་ཞིག་ཡོང་ངེས། ངས་ཡང་བསྐྱར་བརྗོད་འདོད་པ་ནི་འདི་ནི་ངའི་མི་ཚེའི་ནང་གི་གཟི་བརྗིད་དང་། ཧ་ཅང་ཡིད་དུ་འོང་བའི་མཚན་མོ་ཞིག་རེད། འདི་ནི་ཧ་ཅང་མཛེས་སྡུག་གི་ལོ་གཉིས་ཀྱི་དུས་ཚོད་ཡིན་ལ། ང་རང་ང་ཚོའི་རྒྱལ་ཁབ་ལ་ཧ་ཅང་དགའ། བཀའ་དྲིན་ཆེ། ཤིན་ཏུ་བཀའ་དྲིན་ཆེ་ཞེས་གསུང་ཡོད།
ཨ་རིའི་སྲིད་འཛིན་སྐབས་༤༥་བའི་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་དེ་སྤྱི་ལོ་༢༠༡༧་ལོའི་སྤྱི་ཟླ་དང་པའི་ཚེས་༢༠ཉིན་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། ཚེ་དབང་དངོས་གྲུབ། ལྕགས་མོ་འཚོ།
0:00 / 0:00